18
Thu, Apr

འཚོ་བའི་ཁྲོད་རྒྱུན་དུ་མཐོང་རྒྱུ་ཡོད་པའི་དངོས་པོ་ཞིག

ཡུལ་སྲོལ་གོམས་གཤིས།
ཡིག་གཟུགས་སྒྲིག་ཆས།

འཕྲེང་བ་ནི་ང་ཚོའི་འཚོ་བའི་ཁྲོད་རྒྱུན་དུ་མཐོང་རྒྱུ་ཡོད་པའི་དངོས་པོ་ཞིག་སྟེ། བགྲེང་ཕྲེང་ཡིན་ན་ཆོག་ལ་རྒྱན་ཆ་ཡིན་རུང་ཆོག གང་ལྟར་ལག་མགོ་དཀྲི་ཞིང་མགུལ་ལ་འདོགས་པ་ཞིག་ཡིན་པ

་ན་ང་ཚོས་ཕྲེང་བ་རུ་འདོད་པ་རེད འོན་ཀྱང་དེ་དག་ལ་ཁག་ཁག་སོ་སོའི་བཀོལ་སྤྱོད་རིན་ཐང་དང་མཛེས་དཔྱོད་རིན་ཐང་གི་ཁྱད་པར་ཡོད་པ་ཡིན་ཏེ། དཔེར་ན་གྲྭ་བའི་ཆོས་བཏོན་པ་བགྲེང་སའི་བགྲེང་ཕྲེང་དང༌། མི་སྐྱའི་དགེ་སྒྲུབ་ཆོས་འདོན་བགྲེང་སའི་བགྲེང་ཕྲེང༌།དེ་མིན་གཡུ་བྱུར་སོགས་རྒྱན་གྱི་ཆར་གཏོགས་པའི་ཕྲེང་བ་རྣམས་ལ་སོ་སོའི་སྤྱོད་ཡུལ་གྱི་ཁྱད་པར་ཡོད་པ་ཡིན། དེས་ན་གཤམ་ནས་ང་ཚོས་བགྲེང་ཕྲེང་དུ་འབོད་པའི་ཕྲེང་བ་ངོ་སྤྲོད་ཅིག་བྱེད།
བགྲེང་ཕྲེང་གི་བྱུང་རབས་ཐད་ནས་བསམ་གཞིག་རེ་བྱས་ན་ནི། ལོ་རྒྱུས་ཀྱི་ཡིག་ཚངས་དང་མཁས་པའི་དཔྱད་འབྲས་སོགས་ལུངས་གང་མང་ཞིག་ནས་གདོད་མའི་དུས་སྐབས་སུ་མི་རྣམས་ལ་ཡི་གེ་སོགས་མེད་པས། རྡོ་ལ་རི་མོ་བརྐོ་བ་དང༌།ཐག་པ་ལ་མདུད་པ་རྒྱག་པ། བགྲེང་ཕྲེང་བཟོས་ཏེ་རྟགས་འགོད་པ་སོགས་ཀྱི་བྱ་སྤྱོད་ལས་བརྡ་རྟགས་གསོག་འཇོག་བྱས་ཚུལ་བཀོད་པས་ན། སྔོན་མ་ནས་བརྒྱ་སྐོར་གྱི་བརྩི་ཚུལ་དེ་བོད་དུ་དར་བ་རྟོགས་སླ་ལ། དེ་རྗེས་ཆོས་ཕྱོགས་སུ་སོང་རྐྱེན་ལྷག་མ་བརྒྱད་དང༌། བརྒྱ་དཔོན་ནམ་ཡང་ན་འདོན་འཛིན་དང་བརྒྱད་ཕྲུག འཛབ་རྡོ་སོགས་དགེ་བའི་དོད་དུ་བསྣན་ཏེ་དེང་སང་གི་ཕྲེང་བའི་མ་ལག་འདི་བྱུང་བར་སྙམ།
དེས་ན་དེང་སང་ང་ཚོའི་ཕྲེང་བ་ཞེས་འབོད་པའི་བགྲེང་ཕྲེང་ལ། ཅུང་གཏན་འཇགས་རང་བཞིན་གྱི་གྲུབ་ལུགས་ཤིག་ཡོད་པ་སྟེ། ཕྲེང་རྡོག་བརྒྱ་དང་བརྒྱད་ཡོད་ལ། དེ་དག་ལས་ཅུང་ཆེ་བ་དེར་བརྒྱ་དཔོན་ནམ་ཡང་ན་འདོན་འཛིན་ཟེར་ལ་དེ་ནི་ཕྲེང་བའི་སྲོག་ལྟ་བུའོ།
གཞན་འཛབ་ཞེས་བཅུ་སྐོར་ཀྱི་གནས་འཛིན་པའི་བགྲེང་བྱེད་གཉིས་ཡོད་ལ། དེ་གཉིས་སོ་སོ་ནི་ཕྲེང་སྐོར་གཅིག་དང་ཕྲེང་སྐོར་བཅུའི་གཅོད་བྱེད་ཡིན་ལ།ཕྲེང་སྐོར་བཅུའི་ཛབ་སྐོར་གྱི་ཁ་གང་ན་ཕྱེད་བཅག་ཞེས་ཕྲེང་རྡོག་གཅོད་བྱེད་ཅིག་ཡོད་ཅིང༌།
སྐབས་དེའི་ཕྲེང་རྡོག་གཅིག་གི་མཚོན་གྲངས་ནི་ཁྲི་གཅིག་ཡིན་ནོ།། ཕྱེད་བཅག་ལས་གཞན་གྲངས་གནས་མཚོན་བྱེད་ཅིག་ཡོད་པ་ནི་གྱང་ཐག་ཟེར་རོ།
གཞན་བགྲེང་འཕྲེང་གི་གི་གྲུབ་ཚུལ་ལ་ཡང༌། ཙན་དན་གྱི་ཕྲེང་བ་དང༌། བ་སོའི་ཕྲེང་བ། ཤིང་འབྲུའི་ཕྲེང་བ། ཤེལ་གྱི་ཕྲེང་བ། ཤིང་གི་ཕྲེང་བ་སོགས་མང་པོ་ཡོད་ལ། འཛབ་ཀྱང་བངུལ་འཛབ། གསེར་འཛབ། ཟངས་འཛབ་སོགས་རྒྱུ་ཆ་མང་པོའི་བཟོ་བར་བྱེད་པའོ།
དེང་སང་མི་འགའ་ཤས་ཀྱིས་ཕྲེང་བ་ནི་རྒྱན་ཆའི་དོད་དུ་འདོགས་པར་བྱེད་ཅིང༌། བོད་ཕྲེང་བཟུང་ཅན་ཟེར་ཡང་མི་རིགས་གཞན་ནའང་ཕྲེང་བ་འདོགས་པའི་ཁྱད་ཆོས་དར་བཞིན་ཡོད་པ་ནི་ང་ཚོའི་མིག་མཐོང་ལག་ཟིན་ཡིན་ནོ།།

བོད་ཀྱི་ལོ་རྒྱུས་ཡིག་ཆ།