18
Thu, Apr

གཉིད་ཉལ་སྟངས། པར། བརྒྱུད་ལམ།

ཆེད་བསྒྲིགས།
ཡིག་གཟུགས་སྒྲིག་ཆས།

བདེ་ཐང་ངང་གཉིད་པ་ནི་ལུས་པོ་དང་ཀླད་པར་ཧ་ཅང་གལ་ཆེན་པོ་ཡིན། གཉིད་ཁུག་པའི་ཡུན་ལ་ང་ཚོའི་ལུས་པོ་བསྐྱར་གསོ་འབྱུང་བཞིན་ཡོད། གལ་ཏེ་གཉིད་ལེགས་པོ་ཞིག་ཁུག་མ་ཐུབ་ཚེ། དྲན་པ་དང་། བློ་རྩེ་གཅིག ལུས་ཀྱི་བསྐྱར་གསོ། ཐག་གཅོད་ཀྱི་ནུས་པ། སེམས་ཚོར། ལུས་པོའི་བདེ་ཐང་བཅས་ལ་གནོད་བཞིན་ཡོད། དེར་བརྟེན། གཉིད་ལེགས་པོ་འབྱུང་རྒྱུ་ནི་གལ་ཆེན་པོ་ཞིག་ཡིན།

འོན་ཀྱང་། གཉིད་ཉལ་སྟངས་ཀྱིས་ང་ཚོའི་ལུས་པོར་ཤུགས་རྐྱེན་གང་ཐེབས་ཀྱི་ཡོད་དམ། ཉམས་ཞིབ་པས་འགྲེལ་བརྗོད་བྱས་པ་ལྟར་ན། མི་ཞིག་ཆུ་ཚོད་དྲུག་མ་མཐར་ཡང་གཉིད་ཁུག་དགོས་ཤིང་། དེ་ལས་ཉུང་བར་གཉིད་ཁུག་ན་གཟུགས་པོར་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། མཚམས་རེར་དེ་ལྟར་བྱུང་ན་སྐྱོན་མེད་ཀྱང་། ཡུན་རིང་པོར་དེ་ལྟར་བྱས་ན། ལུས་སེམས་གཉིས་ཀར་ཤུགས་རྐྱེན་ངན་པ་ཐེབས་པར་བརྗོད།

གཉིད་ཉལ་སྟངས་ནི་མི་འདྲ་བ་གསུམ་དུ་དབྱེ་ཆོག་སྟེ། དང་པོ། ཁ་སྦུབ་ཏུ་གཉིད་ཁུག་མཁན། གཉིས་པ། རྒྱབ་ལ་བརྟེན་ནས་གཉིད་ཁུག་མཁན། གསུམ་པ། ལུས་པོའི་ཟུར་གཞོགས་ནས་གཉིད་ཁུག་མཁན་བཅས་ཡོད། གཉིད་ཁུག་སྟངས་ཡག་པོ་བྱུང་ན་གཟུགས་པོར་ངལ་གསོ་ཐེབས་ཤིང་། གཉིད་ཉལ་སྟངས་ནོར་ན་གཟུགས་པོར་ཤུགས་རྐྱེན་ངན་པ་ཐེབས་པས། གཉིད་ཁུག་སྟངས་ཡག་ཤོས་གང་ཡིན་ནམ།

ཉམས་ཞིབ་པས་འགྲེལ་བརྗོད་བྱས་པ་ལྟར་ན། གཉིད་ཁུག་སྟངས་ཡག་ཤོས་ནི་གཟུགས་པོ་རྒྱབ་ལ་བརྟེན་ནས་གཉིད་ཁུག་རྒྱུ་དེ་ཡིན་པར་བརྗོད། རྒྱབ་ལ་བརྟེན་ནས་གཉིད་ཁུག་ན་སྒལ་རུས་ལ་ཕན་པ་དང་། ཤ་གནད་དང་སྐེའང་ལ་གནོན་ཤུགས་ཉུང་། ད་དུང་པགས་པར་ཡང་ཕན། ཁ་སྦུབ་དང་ཟུར་གཞོགས་ནས་ཉལ་མཁན་དང་བསྡུར་ན། གདོང་ལ་གཉེར་མ་འབྱུང་བ་ཡང་ཉུར་བར་བརྗོད། རྒྱབ་ངོས་སུ་གཉིད་ཁུག་པའི་སྐྱོན་གཅིག་ནི་སྣ་ཤུ་མང་བ་རྒྱག་པ་འདི་རེད།

ལུས་པོའི་ཟུར་གཞོགས་གཅིག་ནས་ཉལ་ན་གནོད་པ་གང་ཡོད་དམ། དེ་ལྟར་ཉལ་ན་རྐང་པ་དང་ལག་པར་ན་ཚ་འབྱུང་བཞིན་ཡོད། གང་ཡིན་ཟེར་ན། གཟུགས་པོའི་ལྗིད་ཚད་གཟུགས་པོའི་ཕྱོགས་གཅིག་འབབ་བཞིན་ཡོད། ལུས་གཡས་གཞོགས་ནས་ཉལ་ན་སྙིང་ཁར་ཚ་ཤར་རྒྱག་པ་དང་ཟས་འཇུ་བར་གནོད། ཟུར་གཞོགས་ནས་ཉལ་བའི་ཕན་ཡོན་ནི། སྣ་ཤུ་རྒྱག་པ་ཉུང་བ་དང་ཁྲག་གི་འཁོར་སྐྱོད་ལ་ཕན་པ་ཡིན།

ཉལ་སྟངས་སྡུག་ཤོས་ནི། ཁ་སྦུབ་ཏུ་ལོག་ནས་ཉལ་བ་དེ་ཡིན། དེ་ལྟར་ཉལ་ན་རྒྱབ་དང་སྐེ་ལ་ན་ཚ་འབྱུང་ཞིང་སྒལ་རུས་ལའང་གནོད། དེར་བརྟེན། གཉིད་ཁུག་སྐབས་འགུལ་སྐྱོད་མང་པོ་བྱེད་དགོས་དང་གཉིད་ལ་བར་ཆད་འབྱུང་བཞིན་ཡོད། ཡིན་ནའང་། ཁ་སྦུབ་ཏུ་ལོག་ནས་ཉལ་ན་སྣ་ཤུ་རྒྱག་པ་ཉུང་ཉུང་ཡིན།

བོད་ཀྱི་ལོ་རྒྱུས་ཡིག་ཆ།