24
Wed, Apr

བོད་ཀྱི་སྐད་དང་ཡི་གེ།

སྐད་དང་ཡི་གེ
ཡིག་གཟུགས་སྒྲིག་ཆས།

ཐོག་མའི་གཏམ། དེ་རིང་གི་ངའི་བརྗོད་གཞི་ནི་(བོད་སྐད་དང་བོད་ཡིག་བར་གྱི་འབྲེལ་བ། ཆོལ་ཁ་གསུམ་སོ་སོའི་ཐུན་མིན་གྱི་ཡུལ་སྐད་རྣམས་བོད་སྐད་ཡིན་པའི་སྒྲུབ་བྱེད། དེ་དག་ཡོངས་གྲགས་ཚིག་མཛོད་ཆེན་མོ་རྣམས་སུ་བཅུག་ན་དགེ་སྐྱོན་གང་ཡོད་སོགས་ལ་དཔྱད་པ། )འདི་ རེད།

བརྗོད་གཞི་འདི་བོད་མི་རིགས་ཀྱི་ཚེ་སྲོག་དང་འབྲེལ་འདུག་པས་ངས་དགའ་བཞིན་སྤྲོ་ བཞིན་ངང་དང་ལེན་བྱས་པ་ཡིན། དེ་མིན་ད་ལྟའི་དུས་སུ་བོད་ཀྱི་རྩོམ་པ་པོ་དང་མཁས་པ་ཚོས་ངས་མི་འཇོན་ཚུལ་དང་ང་ ལ་ཤེས་ཡོན་མེད་ཚུལ། བརྗོད་གཞི་རྒྱ་ཆེ་བས་ང་ལྟ་བུ་ཞིག་གིས་ག་ལ་བཤད་ནུས་ཞེས་མགོ་ནས་བཟུང་ཁེངས་ སྐྱུང་བྱེད་ཁུལ་བྱེད་པ་ནི་ལུགས་སྲོལ་རྙིང་བ་རྒྱུད་ འཛིན་དང་ཁ་ཁོག་མི་མཚུངས་པའི་ལས་ཀ་རང་རེད། དེ་འདྲ་མིན་ན་དང་པོ་ནས་དང་ལེན་མ་བྱས་ན་འགྲིག་མོད། དང་ལེན་བྱེད་བཞིན་སྐད་ཆ་དེ་འདྲ་བཤད་པ་ནི་གཡོ་སྒྱུ་དང་ལྷག་པར་མཁས་ཉམས་སྟོན་ རྒྱུར་དགའ་བས་རེད། ཕྲན་གྱིས་ནི་དེའི་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ་རང་གིས་རང་ཉིད་དགའ་བའི་ ལས་དག་ལ་གཞན་གྱིས་ཅི་བཤད་ཀྱང་འཇུག་གི་ཡོད། ད་ཐེངས་ཀྱང་གདན་ས་ཆེན་མོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་(སེར་བྱེས་བརྡ་སྤྲོད་རིག་པའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་)གིས་བགྲོ་གླེང་འདིའི་ནང་གི་ཆ་ཤས་གཅིག་བདག་ལ་སྤྲད་པ་ནི་ཧ་ཅང་དགའ་ཞིང་རང་གི་གཟི་བརྗིད་ཅིག་ཏུ་བསམ་ཡོད་པ་མ་ཟད་ གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ད་ལྟའི་དུས་སུ་བོད་ཕྱི་ནང་གཉིས་ཀ་ན་བོད་ཀྱི་སྐད་ཡིག་གི་ལས་དབང་གླེང་བཞིན་ ཡོད་པའི་དུས་སྐབས་འདིར་ཕྲན་གྱིས་ཀྱང་བོད་ཀྱི་སྐད་དང་ཡི་གེའི་ཐད་ནས་དེ་རིང་ བསམ་ཚུལ་མདོར་བསྡུས་ཤིག་བཤད་རྒྱུ་ཡིན། བརྗོད་ གཞི་ནི་བོད་ཀྱི་སྐད་ཡིག་གི་སྐོར་ཡིན་དགོས་པ་མ་ཟད་ལུང་དང་རིགས་པའི་རྒྱབ་ རྟེན་ཡོད་པ། གོ་བདེ་ཞིང་ཁ་གསལ་བའི་ཁྱད་ཆོས་ལྡན་པ་ཞིག་འབྲི་རྒྱུའི་འབོད་སྐུལ་འདུག་ན། ངའི་ཁ་ནང་ནས་གོ་བདེ་ཞིང་ཁ་གསལ་བ་ཞིག་ཡོང་རྒྱུ་དཀའ་ན་ཡང་འདིར་ཁ་རོག་གེར་ འདུག་སྡོད་ཀྱི་བསམ་པ་བདག་ལ་ཡེ་ནས་མེད། ད་ ལྟ་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྐད་ཡིག་སྐོར་ལ་བགྲོ་གླེང་རབ་དང་རིམ་པ་ འཚོགས་ཤིང་མཁས་བླུན་གང་མང་མང་གིས་གཏམ་བཤད་དང་དཔྱད་རྩོམ་འབོད་པའི་དཔེ་ཚོགས་ ནི་རི་བོའི་གཏོས་དང་མཉམ་པ་ཞིག་ཡོད་ན་ཡང་། ཁུངས་གཏུགས་བྱ་ཆོག་ཆོག་དུ་ཡོད་མཛུབ་མོ་ནང་དུ་བཀུགས་ན་གྲངས་ཀྱིས་མི་ལང་རྒྱུ་ མེད། ལྷག་པར་བོད་ཀྱི་མཁས་པར་རློམ་པ་དང་རྩོམ་པ་པོ་ཡིན་བསམ་མཁན་ཕལ་ཆེ་བས་བོད་ཀྱི་ སྐད་ཡིག་གི་བགྲོ་གླེང་དང་རྩོམ་ཡིག་ཅིག་བྲི་དགོས་པ་དང་བྲིས་ཡོད་ན། དེའི་ མགོ་དང་མཇུག་གང་རུང་ན་ཧ་ཅང་གཟི་བརྗིད་ལྟ་བུའི་སྒོ་ནས་ལུང་འདྲེན་ཞིག་ཡོད་པ་ ནི་མཁས་དབང་སི་ཏཱ་ལིན་དང་སློབ་དཔོན་ལེ་ཉིན་སོགས་ཟེར་བ་ནི་རྒྱུན་ལྡན་གྱི་ ལུགས་སྲོལ་ལྟ་བུར་གྱུར་ཡོད་ལ། རང་གི་བོད་ཀྱི་མཁས་པ་དག་གི་གདམས་ངག་ནི་མིག་ལམ་ན་མོག་མོག་ཏུ་གྱུར་ཡོད། དེའི་ཕྱིར་དེ་རིང་བདག་གིས་ཁུངས་གཏུགས་སའི་ལུང་རེ་འདྲེན་དགོས་ན་༧རྒྱལ་བ་པཎ་ ཆེན་རྣམ་གཉིས་གཙོས་བོད་ཀྱི་མཁས་པ་ཚོའི་ལེགས་བཤད་དག་ལས་རྒྱ་རྒན་ཁོག་གྱོང་ཚོ་ དང་ཕྱི་རྒྱལ་གཡོ་སྒྱུ་ཅན་དག་གི་སྐད་ཆ་གཅིག་ཀྱང་བཤད་མི་འདོད་པ་ནི་ཐོག་མའི་ དམ་བཅའོ། །

༡༽བོད་ཀྱི་སྐད་དང་ཡི་གེའི་བྱུང་རིམ་མདོར་བསྡུས། སྤྱིར་ བཏང་སྐད་ཡིག་གང་དང་གང་ཡིན་ན་ཐོག་མའི་བྱུང་རིམ་ཞིག་དང་མཐའ་མའི་འཕེལ་རིམ་ཞིག་ ཏན་ཏན་ཡོད་ངེས། རང་རེའི་བོད་ལ་མཚོན་ན་ཡང་ཐོག་མར་བོད་སྐད་བྱུང་བ་དང་དེ་ནས་བོད་ཀྱི་མེས་པོ་ གང་མང་གི་ཚེ་སྲོག་གིས་འགྲོ་གྲོན་བཏང་སྟེ་མཐར་གདོང་དམར་བོད་ལ་གཞན་གྱིས་ཡིད་ སྨོན་འཆོར་བའི་ཡི་གེ སྤུས་གཙང་ཞིག་སློབ་དཔོན་ཐོན་མིས་གསར་བཏོད་གནང་བ་རེད། དེ་ལྟར་གསར་བཏོད་གནང་དོན་ནི་“ལོ་ སྟོང་ཕྲག་གཅིག་དང་སུམ་བརྒྱ་ལྷག་ཙམ་སོང་བའི་དུས་རབས་བདུན་པའི་སྟོད་ཀྱི་ཆར། སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་སྟེང་བོད་ཀྱི་རྒྱལ་སྲིད་གསར་ཏུ་སྐྱོང་ སྐབས་མཐའ་བཞིའི་རྒྱལ་བོ་རྒྱལ་ཕྲན་དང་བཅས་པས་ཕོ་ཉ་གང་མང་མངགས་ནས་བོད་ཀྱི་ རྒྱལ་པོ་ལ་རྒྱལ་ཁབ་དེ་དག་གི་སོ་སོའི་རྒྱལ་ཁབ་ཀྱི་ཡི་གེའི་སྟེང་ནས་འཚམ་ཞུའི་ འཕྲིན་དང་། ལྷག་པར་ལེགས་སྐྱེས་འདི་དང་གན་ཡོད་ཅེས་ཡི་གེར་བྲིས་ནས་བསྐུར་པ་ལ། བོད་རང་ལ་ཡི་གེ་མེད་པས་འཕྲིན་ལན་ལ་རྒྱལ་ཁབ་དེ་དག་གི་ཡི་གེའི་སྟེང་ནས་འཕྲིན་ རེ་ཕུལ་བའམ་ངག་འཕྲིན་ཙམ་ལས་མ་བྱུང་སྟབས། སྲོང་བཙན་ཁོང་གིས་བོད་ལ་ཡི་གེ་མེད་པ་འདིས་རྒྱལ་སྲིད་ཀྱི་བྱ་བ་གང་ཡང་ལེགས་ པར་བྱེད་མི་ཐུབ་པ་དང་། རྒྱལ་ཁབ་གཞན་དག་གིས་འཕྱ་བའི་གནས་སུ་གྱུར་བ་ཐུགས་ལ་དགོངས་ཏེ་ཐོན་མི་སོགས་ ཆེད་མངགས་ཀྱིས་བོད་རང་གི་སྐད་དང་མཐུན་པའི་ཆོས་སྲིད་ཀྱི་གཙུག་ལག་རྣམ་གཉིས་ ཀྱི་དོན་གསལ་བར་སྟོན་པའི་ཡི་གེའི་རྣམ་གཞག་ཆ་ཚང་བ་འདི་བྱུང་བ་རེད།”་ ཐོན་མི་སོགས་ཀྱིས་དཀའ་སྡུག་གི་འགག་འཕྲེང་དོག་མོ་བརྒྱུད་པའི་གོ་རིམ་དག་བོད་ ཀྱི་ལོ་རྒྱུས་ཡིག་ཚང་ན་གསལ་བས་འདིར་མི་གླེང་། གཞན། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་དང་མཁས་པ་གང་མང་ཞིག་གིས་སྲོང་བཙན་སྒམ་པོའི་ སྔོན་དུ་བོད་ལ་ཡི་གེ་ཡོད་ཚད་ཀྱི་ཆེད་རྩོམ་དང་ངག་རྒྱུན་ཁག་ཅིག་ད་ལྟ་ཡང་བོད་ ཀྱི་སྤྱི་ཚོགས་སུ་གྲགས་ཡོད། དཔེར་ན། “སྲོང་ བཙན་སྒམ་པོས་ཞང་ཞུང་དབང་བསྒྱུར་མ་བྱས་པའི་སྔོན་དུ་རྒྱལ་པོ་ལིག་མིག་སྐྱའི་ ཡུལ་གྲུ་དེར་བོད་ཀྱི་ཡི་གེ་ཡོད་པའི་མི་ཚད། ད་རུང་རྒྱལ་བོ་ལ་ཐམ་ཀ་ཡོད་པ་དང་ཐམ་ཀའི་ངོས་ན་ཡིག་་་་་༼ཁ་ཚན་པ་ཤང་ལིག་ཞི་ཙ་ར ༽་”འདི་ཡོད་པས་དཔང་རྟགས་ཡིན་ཟེར་བ་དང་།“ སྨན་ འབུམ་དཀར་ནག་སོགས་ཀྱི་གཞུང་ལུགས་བརྩམས་ཡོད་པར་མ་ཟད། དེ་ཡང་ཡི་གེའི་ཐོག་ནས་བྲིས་པ་ཐག་གིས་ཆོད་ལ། དེ་ཡང་བོད་རང་གི་ཡི་གེ་ཡིན་པ་དེ་བས་ཀྱང་ཐག་གིས་ཆོད། དེའི་སྟབས་ཀྱིས་བོད་རང་ལ་རང་སྐད་དང་མཐུན་པའི་རིག་གནས་ཀྱི་མ་གཞི་ཡོད་ཅིང་ཡི་ གེ་སྲོལ་བཏོད་པོའང་གཤེན་རབ་ཡིན་ཟེར།”་དེ་དང་ དེ་མཚོན་པའི་ངག་རྒྱུན་དང་བརྩམས་ཆོས་མང་ཡང་དོན་དུ་དེའི་སྔོན་བོད་ལ་ཡི་གེ་ ཡོད་པའི་དབང་དུ་བྱས་ཀྱང་བཀོལ་སྤྱད་ནུས་ཤིང་བརྡ་སྤྲོད་ཀྱི་གཞུང་ལུགས་དང་ མཐུན་པ་ཞིག་མེད་པ་ཤེས་སླ། ། ༢༽ བོད་ཀྱི་སྐད་དང་ཡི་གེའི་ཁྱད་ཆོས། སྤྱི་ བཏང་མི་རིགས་གང་དང་གང་ཡིན་ན་དེའི་སྐད་དང་ཡི་གེ་ཚེ་སྲོག་གི་གཞུང་རྟ་ཡིན་པ་ ནི་ཡོངས་སུ་གྲགས་པ་དང་། ལྷག་པར་ཤར་ནུབ་ཀྱི་མཁས་པ་དང་བསམ་བློ་པ་མང་བོས་ལན་གཅིག་མིན་པར་གསུངས་འདུག་ན་ རང་རེའི་བོད་ལ་མཚོན་ན་ཡང་དེ་ལས་མ་འདས་མོད། ད་ལྟའི་དུས་སུ་བོད་ཀྱི་སྐད་དང་ཡི་གེའི་ཉམས་ཆག་ཐད་བོད་ཕྱི་ནང་གཉིས་ཀྱི་མཁས་ བླུན་ཀུན་གྱིས་གླེང་བ་འདི་ནི་ཆུང་ས་བཤད་ན་བོད་མི་རིགས་ཀྱི་ཚེ་སྲོག་ཡིན་པ་ དང་དེའི་རིག་གཞུང་ཡིན་པས་རེད། རྒྱ་ཆེ་ས་ནས་བཤད་ན་བོད་ཀྱི་སྐད་ཡིག་འདིའི་ཁྱད་ཆོས་དང་། འདི་བེད་སྤྱོད་མཁན་གྱི་མི་གྲངས་ནི་བོད་ལས་ཀྱང་མང་བ། དེའི་སྟེང་ན་རྒྱལ་ཁབ་གཞན་དང་མི་མཚུངས་པའི་ཁྱད་ཡོན་དང་། ཤར་ནུབ་ཀྱི་རྒྱལ་ཁབ་གང་མང་ཞིག་གིས་འདི་ལ་ཞིབ་འཇུག་གནང་སྟེ་མཐར་ཕུན་སུམ་ ཚོགས་པའི་ལེགས་སྦྱར་སྐད་དང་པཱལིའི་སྐད་ལ་མཐུན་ཞིང་། ཐེག་ཆེན་གྱི་སྡེ་སྣོད་ཡོངས་རྫོགས་དང་སྔགས་ཀྱི་སྡེ་སྣོད་སོགས་བོད་ཀྱི་སྐད་ ཡིག་ལ་བརྟེན་དགོས་པས་ངེས་པ་རྙེད་འདུག དེར་མ་ཟད་འདི་བེད་སྤྱོད་མཁན་གྱི་རྒྱལ་ཁབ་ནི་བོད་པ། རྒྱ་གར། བལ་ཡུལ། འབྲུག་པ། སོག་པོ། རྒྱ་ནག་བཅས་སོ། ། རྒྱས་བཤད་ཙམ་གྱིས་གླེང་ན། རང་གི་ཕ་སྐད་ཡིན་པའི་ཆ་ནས་བེད་སྤྱོད་མཁན་ནི་བོད་པ་གཙོ་བོ་རེད།ཧི་མ་ལ་ཡའི་ རི་རྒྱུད་ལ་ཡོད་པ་འབྲུག་པ་ཡོངས་རྫོགས་དང་། བལ་ཡུལ་ནང་བོད་སྐད་བེད་སྤྱོད་བྱེད་མཁན་བརྒྱ་ཆ་བཅུ་དྲུག་ཙམ་དང་། རྒྱ་གར་ལ་མཚོན་ན་ལ་དྭགས་ནས་བརྩིས་པའི་མེགྷཱལ་ཡའི་བར་གྱི་མེལི་ཉིས་སྟོང་ལྷག་ ཙམ་ཡོད་པའི་ས་གནས་སུ་བོད་སྐད་ཡོངས་རྫོགས་བེད་སྤྱོད་བྱེད་མཁན་དང་། ཕྱེད་བེད་སྤྱོད་མཁན་མང་པོ་ཡོད་རེད། བོད་དང་བལ་འབྲུག་སོགས་ཀྱིས་ཕ་སྐད་ཡིན་པས་བེད་སྤྱོད་པ་དང་། སོག་པོ་སོགས་ཀྱིས་ཆོས་གཞུང་གི་སླད་དུ་བེད་སྤྱོད་གཏོང་གི་ཡོད་པ་རེད། ཉམས་ཞིབ་ཀྱི་ཆེད་དུ་བེད་སྤྱོད་མཁན། དཔེར་ན། རྒྱ་གར་ལ་མཚོན་ན་མཐོ་སློབ་བཅུ་བཞི་ཙམ་གྱི་ནང་དུ་བོད་པའི་སྐད་ཡིག་ལ་སློབ་ སྦྱོང་བྱེད་པའི་སྡེ་ཚན་ཡོད་པ་རེད། ཨ་རི་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གཙོས་ནུབ་ཕྱོགས་དང་ལྷོ་ཨེ་ཤར་ནང་དུ་མཐོ་ སློབ་བརྒྱ་ཕྲག་བརྒལ་བའི་ནང་བོད་ཡིག་སློབ་སྦྱོང་བྱེད་པའི་སྡེ་ཚན་ཚུགས་ཡོད་པ་ རེད། ནང་བའི་གཞུང་ཆེན་བཀའ་པོད་ལྔའི་བརྗོད་དོན་ཡོངས་བོད་ཀྱི་སྐད་ཡིག་ལ་བརྟེན་ དགོས་བྱུང་བ་དང་། སྔགས་ལམ་ལ་བརྟེན་པའི་ལུས་ཀྱི་ཆགས་སྟངས་དང་། ལྷག་པར་དུ་ཡང་རྩ་རླུང་ཐིག་ལེའི་གནས་ཚུལ་སོགས་ལུས་ཀྱི་རིག་གནས་ལ་བརྟེན་པའི་ རྣམ་གཞག་ལ་ཚན་རིག་པ་ཚོས་ཀྱང་ཧ་མི་གོ་བ་དེ་འདྲ་བོད་པའི་སྐད་ཡིག་ནང་ཡོད་པ་ རེད། རྡུལ་ཕྲན་མཚོན་ཆ་དང་མཚུངས་པའི་རྡུལ་ཕྲན་གྱི་རིག་པ་མང་པོ་ཞིག་བོད་པའི་སྐད་ ཡིག་ནང་ཡོད་རེད་དེ་ང་ཚོས་ཤེས་ཀྱི་ཡོད་མ་རེད། ཚེ་ཡི་རིག་བྱེད་ལ་བརྟེན་པའི་གནས་ཚུལ་མང་བོ་ཞིག་བོད་ཀྱི་སྐད་ཡིག་ནང་རག་གི་ ཡོད་པ་རེད། སྐར་རྩིས་དང་དབྱངས་འཆར་སོགས་རྕིས་ཀྱི་སྐོར་རྒྱ་གར་ནང་ནུབ་ཟིན་པ་མང་པོ་ཡང་ བོད་ཀྱི་སྐད་ནང་རག་རྒྱུ་ཡོད་པ་རེད་ཅེས་མཁས་དབང་ཟམ་གདོང་རིན་པོ་དང་བོད་ཀྱི་ ཞིབ་འཇུག་པ་ཁག་ཅིག་གིས་གསུངས་འདུག་ན་དེ་ལ་གཞི་བཅོལ་ཏེ་གླེང་བ་ལས་ངས་ཞེན་ ཁོག་བཅངས་ཏེ་བྲིས་པ་ཞིག་ག་ལ་ཡིན། ལྷག་པར་རང་ཅག་རྣམས་ཀྱི་མགོན་སྐྱབས་དམ་པ་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཁོང་གིས་ཀྱང་འདི་ལྟར་གསུངས་ཡོད་དེ། ང་ཚོའི་སྐད་ཡིག་ལ་ཆ་བཞག་ན། དཔེར་ན། ལེགས་སྦྱར་གྱི་སྐད་དེ་ཚད་མཐོ་པོ་ཞིག་ཏུ་བརྩི་གི་ཡོད་ཅིང་། ནུབ་ཕྱོགས་ལ Latin༼ གནའ་རབས་ཡོ་རོབ་ཁུལ་གྱི་སྐད་ཡིག༽ ཅེས་ བརྗོད་སྐབས་ཧ་ཅང་ཚད་མཐོ་པོར་བརྩི་གི་ཡོད། ཤར་ཕྱོགས་སུ་སཾསྐྲྀ་ཏ་ཞེས་བརྗོད་ཚེ་ཚད་མཐོ་པོར་བརྩི་གི་ཡོད་པ་ལྟར་ང་ཚོ་བོད་ པའི་ཡི་གེ་སཾསྐྲྀ་ཏ་མཉམ་དུ་ཏག་ཏག་འགྲོ་ཐུབ་མཁན་གྱི་སྐད་ཅིག་ཆགས་ཡོད། དེ་ཡང་སྔ་མོ་ཕྱི་ལོ་ ༡༩༥༠ ནང་ དབྱིན་ཇི་ནང་ཆོས་ལ་དོ་སྣང་བྱས་ཏེ་ནང་ཆོས་བསྒྱུར་མཁན་མཁས་པ་ལ་ལས་བརྗོད་པ་ལ། ནང་ཆོས་བོད་ཡིག་ནང་ལ་བསྒྱུར་བ་དང་རྒྱ་ཡིག་ལ་བསྒྱུར་བ་གཉིས་བསྡུར་སྐབས་བོད་ ཡིག་ནང་ལ་ཡོད་པ་དེ་ལྡབ་འགྱུར་གྱིས་ལེགས་པ་འདུག་ཅེས་ཟེར། དེང་སྐབས་ནང་ཆོས་ཀྱི་Professor ༼ གཙུག་ལག་སློབ་དཔོན་ནམ། མཁས་དབང་།༽ མཁས་དབང་ལ་ལས་ལེགས་སྦྱར་སྐད་ནང་གོ་དཀའ་བ་དེ་དག་བོད་ཡིག་ནང་ཞིབ་འཇུག་བྱེད་ ཀྱི་ཡོད། བོད་ཡིག་ནང་གོ་ཐུབ་ཅིང་བོད་ཡིག་ནང་ལ་གོ་བ་དེ་ལེགས་སྦྱར་གྱི་ཚིག་གཅིག་དོན་ མང་པོར་འགྲོ་བ་དེ་དག་སྐབས་དེའི་ལོ་ཙྭ་བ་དང་ཞུ་ཆེན་གྱི་རྒྱ་གར་མཁས་པ་གཉིས་ ཟུང་འབྲེལ་ཐོག་ནས་བསྒྱུར་བས་ན། དོན་དེ་དཔྱིས་ཕྱིན་པ་དང་འཁྲུལ་པ་མེད་པ་ཞིག་བསྒྱར་ཡོད་པ་ཧ་ཅང་གསལ་པོ་ཡིན། དེར་བརྟེན་བོད་པའི་རྣམ་དཔྱོད་དེས་ཀྱང་གཅིག་མཚོན་གྱི་འདུག་ལ། བོད་པའི་ཡི་གེ་དེས་ཀྱང་དངོས་གནས་རང་ཧ་ལས་པ་ཞིག་དང་། གོ་ཆོད་ཡིན་པ་ཞིག་མཚོན་ཐུབ་ཀྱི་ཡོད། འོན་ཀྱང་དེང་སྐབས་ཀྱི་ Mod-ern Science༼ དེང་དུས་ཚན་རིག ༽་ལྟ་བུ་དང་། Modern Politic ་༼ དེང་དུས་ཀྱི་སྲིད་དོན༽ ལྟ་བུ་དང་། ༼ དེང་དུས་ཀྱི་དཔལ་འབྱོར༽ ་ལྟ་ བུ་དེ་དག་ནང་བོད་ཡིག་བེད་སྤྱོད་མ་བྱུང་བས་ཡར་རྒྱས་འགྲོ་མ་ཐུབ་པ་རེད། དེར་བརྟེན་མ་འདང་བ་དང་རྗེས་ལུས་ཐེབས་ཡོད་པ་ལས་སྤྱིར་ཡི་གེ་རང་གི་ངོས་ནས་ བཤད་ན་བོད་ཡིག་ཧ་ཅང་གི་ཚད་མཐོ་པོ་རེད་ཅེས་གསུངས་སོ། །

༣༽ བོད་ཀྱི་སྐད་དང་ཡི་གེའི་བར་ཐག གོང་ དུ་རགས་ཙམ་བརྗོད་པ་ལྟར་བོད་སྐད་ལ་བརྟེན་ནས་བོད་ཡིག་བྱུང་ཞིང་བོད་སྐད་ནི་ བོད་ཡིག་གི་ཉེར་ལེན་ཡིན། དེ་ལ་རྒྱུ་འབྲས་ཀྱི་འབྲེལ་བའམ་ལྟོས་གྲུབ་འདོད། དེ་ནི་གཙོ་བོ་ཐོག་མའི་བོད་ཀྱི་སྐད་ཡིག་གི་བྱུང་རིམ་གཞིར་བཟུང་སྟེ་བཤད་པ་ལས་ ད་ལྟ་ནི་དེ་ལ་ཁྱབ་པ་མེད། ཐོན་མིས་ཐོག་མར་བོད་ཀྱི་དབྱངས་བཞི་དང་གསལ་བཤད་སུམ་ཅུ་དེ་བོད་སྐད་ལ་བརྟེན་ ནས་བཟོས་ཤིང་། དེའི་སྟེང་དུ་སྔོན་འཇུག་དང་རྗེས་འཇུག ཕོ་ མོ་མ་ནིང་སོགས་སྒྲ་དྲག་ཞན་གྱིས་འཇུག་པ་གཙོར་བཟུང་གིས་བོད་ཡིག་ཕུན་སུམ་ཚོགས་ པ་ཞིག་གསར་བཏོད་མཛད། དེ་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་འདི་དར་ཁྱབ་སོང་བ་མ་ཟད་བོད་ཀྱི་སྐད་ཡིག་འཛམ་ གླིང་གི་ཕུན་སུམ་ཚོགས་པའི་སྐད་ཡིག་ཨང་གཉིས་པར་བགྲང་མྱོང་བ་རེད། བོད་ཀྱི་ཡི་གེ་ནི་བོད་སྐད་གཞིར་བཞག་གི་སྒོ་ནས་བཟོས་པས་དེའི་སྟེང་དུ་གང་ བྲིས་པ་དག་སྟོད་མངའ་རིིས་ནས་སྨད་ཨ་མདོའི་བར་དུ་ཁྱེར་ན་བོད་ཡིག་ཤེས་ཚེ་ནང་དོན་ཇི་བཞིན་གོ་ནུས། དེ་ནི་བོད་ཀྱི་ཡི་གེ་བོད་སྐད་ལ་བརྟེན་ནས་བཟོས་ཤིང་དེའི་སྐབས་སུ་བོད་ལ་སྤྱི་ སྐད་ལས་ཕལ་སྐད་དང་ཡུལ་སྐད་སོགས་ཡོད་ཀྱང་དེ་ཙམ་གྱིས་དེའི་དབང་དུ་མི་འགྲོ་བར་ སྤྱི་སྐད་བཀོལ་སྤྱོད་ལ་དོ་སྣང་ཆེ་བས་ཡིན། བོད་ཀྱི་སྐད་ཡིག་ལ་བཀས་བཅད་ཐེངས་གསུམ་གནང་བས་ཇེ་ལེགས་དང་ཇེ་གཙང་སོང་ཡོད། འོན་ཀྱང་བོད་སིལ་བོར་འཐོར་བ་དང་ཧོར་གྱིས་ཆོལ་གསུམ་ཞེས་ཐ་སྙད་ཀྱིས་བསྙད་པ་ ནས་བཟུང་སྟེ་རིམ་གྱིས་བོད་ཀྱི་སྐད་ཡིག་ཉམས་རྒུད་ཀྱི་རྟགས་མཚོན་མངོན། བརྒྱུད་རིམ་དེའི་ཁྲོད་ནས་བོད་ཀྱི་ཡི་གེ་ནི་ཟ་ཟུར་ནས་ཏོག་ཙམ་རེ་ཉམས་ཀྱང་བརྡ་ སྤྲོད་ཀྱི་ནུས་པ་ད་དུང་མ་ཉམས་པར་རང་སར་ཡོད། བར་སྐབས་ཤིག་ནས་དོན་མེད་ལུང་ཚན་ནམ་ཆོལ་ཁའི་ཕྱོགས་ཞེན་འཛིན་མི་ཤེས་མཁན་རེ་ ཟུང་གིས་པ་བའི་ཐོབ་ཐང་དང་སྒྲ་གདངས་ཀློག་སྟངས་མི་མཚུངས་པ་རྒྱུ་མཚན་དུ་བགྲང་ སྟེ་བརྗོད་བདེ་དང་རྟགས་མཚུངས་ཟེར་བའི་འདམ་ག་བརྒྱུད་རྙོག་དྲ་གང་འཚམ་ཞིག་ བཟོས། ཡིན་ནའང་བོད་ཀྱི་ཡི་གེས་མདོ་དང་བསྟན་བཅོས་ཀྱི་མཚོན་པའི་གསུང་རབ་དང་དེབ་མང་ བོ་ཞིག་གི་བརྗོད་བྱའི་དོན་སྟོན་པས་ན་མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོའི་ སེམས་ནང་ན་འོད་འཚེར་འཚེར་ངང་གནས་ཡོད།

༤༽ བོད་ཀྱི་སྤྱི་སྐད་ཉམས་རྒུད་ཀྱི་རྒྱུ་རྐྱེན། ད་ལྟ་བོད་སྐད་ནི་ཉམས་ཤིང་སྤྱི་སྐད་ཅེས་པ་ནི་བོད་ལ་བཙལ་ ན་མི་རྙེད་པའི་ཚོད་དུ་སླེབས། འདི་འདྲའི་ཉེན་ཁ་ཞིག་ལ་ཇི་ལྟར་སླེབས་ཟེར་ན་རྩ་བའི་ཧོར་གྱིས་གཡོ་སྒྱུའི་སྒོ་ ནས་དབུས་པ་དང་ཁམས་པ། ཨ་མདོ་ཞེས་ཡུལ་ལུང་གསུམ་གྱི་ཐ་སྙད་བཏགས་ཤིང་དེ་བཞིན་ཁ་ཁར་གྱེས་པ་དང་། རྒྱ་ནག་གིས་གནོད་ཤུགས་འོག་ནས་ཕྲད་རྣམ་དབྱེ་ལ་ཐུབ་ཚོད་བཏང་སྟེ་ཀི་སྒྲས་བཙན་ འཛུལ་ཞིག་བྱས་པས་ཉམས་ཡོད་སྲིད་ལ། གཙོ་བོ་ནི་བོད་མི་རིགས་ལ་ཤ་ཞེན་ཏིལ་འབྲུ་ཙམ་མེད་པའི་མི་ངན་རེ་ཟུང་གིས་ཆོལ་ ཁའི་ཕལ་སྐད་ཡིད་ཀྱིས་གཙིགས་སུ་བཟུང་བ་དང་། རྒྱ་སྐད་དང་སོག་སྐད། དབྱིན་སྐད་སོགས་བོད་སྐད་ནང་དུ་བསྲེས་པས་ཉམས་པ་ནི་མིག་མཐོང་ལག་ཟིན་ཡིན། ད་ ལྟའི་དུས་སུ་མི་རིགས་ལ་ཤ་ཞེན་ཆེ་ཞིང་སྐད་ཡིག་ལ་དུངས་པ་ཟབ་མཁན་ཁག་ཅིག་གིས་ བོད་ལ་སྤྱི་སྐད་ཅིག་ཨེ་ཡོང་གི་ཕྱིར་ཏུ་ཉིན་མཚན་མེད་པར་འབད་ནའང་། བོད་ཀྱི་སྤྱི་ཚོགས་སུ་རང་སྐད་ལ་མཐོང་ཆུང་དང་གཞན་སྐད་ལ་གཡམ་བརྒྱུགས་མཁན་མང་ བས་ཁོ་ཚོའི་རླབས་ཆེ་བའི་ལས་གཞི་ལ་བར་ཆད་རབ་དང་རིམ་པ་བྱས། ད་དུང་ཆོལ་ཁ་གསུམ་གྱི་དབང་འཛིན་པ་རེ་ཟུང་གིས་སོ་སོའི་ཡུལ་སྐད་དམ་ཕལ་སྐད་ འགའ་རེ་བཙན་གྱིས་སྤྱི་སྐད་དུ་སེམས་པ་དེས་བོད་ཀྱི་སྐད་ལ་གནོད་སྐྱོན་ཐེབས་ ཡོད། དེ་མིན་ད་ལྟ་བོད་ཕྱི་ནང་གཉིས་ཀ་ན་ཐ་སྙད་གསར་བཟོ་བྱས་ཏེ་ཚིག་མཛོད་ཀྱི་དེབ་ བཏོན་པ་དང་། འོད་སྡེར་དང་ལག་དེབ་ཆེ་ཆུང་གང་མང་ཞིག་དམངས་ཁྲོད་དུ་བཀྲམ་བཞིན་པ་ལ་གྲུབ་ འབྲས་ཤིག་མི་ཤར་དོན་ཅི། ད་ལྟ་བོད་ཀྱི་ཡི་གེ་མ་ཉམས་པར་ཡོད་པ་གཞིར་བཟུང་སྟེ་བོད་ལ་སྤྱི་སྐད་ཅིག་བཟོ་ རྒྱུའི་ཕྱོགས་སུ་བརྩོན་མཁན་མང་ན་ཡང་བོད་མི་ཚོ་རྒྱལ་ཁབ་ཁག་ཅིག་ཏུ་ཁ་འཐོར་བ་ དང་། དམིགས་བསལ་བོད་ཆོལ་གསུམ་གྱི་ཡིད་ཆེས་བྱེད་པའི་གང་ཟག་ཅིག་གིས་སྣེ་ཁྲིད་མ་ ཐུབ་པས་ལྷག་བསྡད་ཡོད། ཐོག་མར་བོད་སྐད་ལ་བརྟེན་ནས་ཐོན་མིས་བོད་ཡིག་གསར་བཟོ་གནང་། ད་ལྟ་བོད་ཀྱི་ཡི་གེ་ལ་བརྟེན་ནས་བོད་ལ་སྤྱི་སྐད་ཅིག་བཟོ་ཨེ་ཐུབ་དང་སྔར་གྱི་ སྤྱི་སྐད་སླར་གསོ་ལ་རེ་ལྟོས་འཆའ་བ་ནི། བོད་ཀྱི་སྐད་ནི་བོད་ཡིག་གི་ཉེར་ལེན་ཡིན་ཞེས་པ་དང་འགལ་འདུག་སྙམ་སྲིད་ཀྱང་དེ་ འདྲའི་གོ་ལྡོག་གི་རིམ་པ་ནི་དུས་ཚོད་ཀྱི་འགྱུར་བ་ལ་བརྟེན་ནས་བྱུང་། གཤམ་ ནས་དཔེ་མཚོན་འགའ་དྲངས་ན། བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ལྟ་བུ་བརྡ་སྤྲོད་གཞུང་ལུགས་རང་སྟེང་ན་ཡང་ཉམས་ རྒུད་ཀྱི་ཆ་ཡོད་དེ། སུམ་ཅུ་པར། དང་པོ་ང་རོ་རྣམས་ལ་སྦྱང་། །ཞེས་སྤྱི་བཤད་ཙམ་ལས་དབྱངས་གསལ་སོགས་རྐྱང་ཀློག་དང་མགོ་འདོགས་སྔོན་རྗེས་ཀྱི་ ཡི་གེ་མཐུན་སྡེབ་ཀྱི་ཀློག་ཚུལ་སྟོན་པའི་སྒྲ་གདངས་རིག་པའི་རྣམ་གཞག་ཞིབ་ཕྲ་ གསུངས་མེད་པས། བོད་ཡིག་ཐོག་མར་སློབ་མཁན་གྱི་སློབ་མ་སོ་སོར་བརྡ་སྤྲོད་དང་མི་མཐུན་པའི་ཡུལ་ སྐད་ཀྱི་སྒྲས་སླད་ཤུགས་ཆེར་ཞུགས་ཏེ་ཡུལ་སྐད་ཀྱི་ཁྱད་པར་ལྟར། ཡི་གེའི་སྒྲ་གདངས་ཀློག་ཚུལ་ཐ་དད་དུ་སོང་པས་ཡི་གེ་ཀློག་པ་དང་སྐད་ཆ་བཤད་སྐབས་ ཆོལ་གསུམ་བོད་མིའི་བར་གོ་བརྡ་མི་འཕྲོད་པའི་གནད་འདི་ལྷག་འདུག་ཅེས་བོད་ནང་གི་ རྩོམ་པ་པོ་ཞིག་གིས་དགོངས་ཚུལ་བཏོན་པ་དོན་ལ་གནས། ད་དུང་སུམ་རྟགས་ཀྱི་རྩ་གཞུང་གཉིས་ཀྱང་ཚིགས་བཅད་ལྟར་བརྩམས་པས་བསྡུས་དྲགས་པ་ དང་བསྟན་དོན་གསལ་ཁ་མེད་པ། དེ་ལ་འགྲེལ་མཛད་དག་གིས་ཀྱང་སུམ་རྟགས་ཀྱི་རྩ་གཞུང་དེ་དམངས་ཁྲོད་ཀྱི་གོ་ནུས་ པའི་སྤྱི་སྐད་དང་མི་བསྟུན་པར་ཡར་ལ་བཙལ་ཏེ་ལེགས་སྦྱར་དང་མཐུན་མིན། མར་ལ་དེད་དེ་དངོས་བསྟན་དང་ཤུགས་བསྟན་གང་ཡིན་མིན་བརྩད། ལྷག་པར་དགོས་མེད་ངང་ཐོན་མིས་མཛད་པ་ཡིན་མིན་སོགས་ལ་དཔྱད་པས་ཀྱང་ཉམས་ཡོད། གཅིག་(སྙན་ངག་མེ་ལོང་མ་)བོད་ བསྒྱུར་བྱས་པ་ནས་བཟུང་བོད་ཀྱི་བརྡ་སྤྲོད་ལ་སྙན་པའི་ཆ་ཞིག་མངོན་ཡང་དེ་ལ་ བརྟེན་མངོན་བརྗོད་ཀྱིས་བཅིངས་དྲགས་པས་དམངས་ཁྲོད་དུ་བཀོལ་སྤྱོད་ཇེ་ཆུང་དུ་ ཕྱིན། གཉིས། ཐོན་མི་གཙོས་ལོ་ཙྭ་བ་རྣམས་ཀྱིས་རྒྱ་དཀར་ནག་གི་བསྟན་བཅོས་གང་མང་བོད་སྐད་དུ་ བསྒྱུར་སྐབས་མིང་བརྡ་འགའ་རེ་མ་རྙེད་པར་རང་སོར་བཞག་པས་ཀྱང་བོད་སྐད་ནང་དུ་ བསྲེ་བསླད་བྱུང་ཡོད། སྲོང་བཙན་སྒམ་པོས་མཐའ་བཞི་མངའ་འོག་ཏུ་བསྡུས་པས་ཡུལ་ལུང་དེ་དག་གི་སྐད་བོད་ སྐད་དང་འདྲེས་ཏེ་བསྲེས་སླད་དུ་འགྱུར་བ། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་འདི་ལག་ལེན་འཁེལ་མཁན་གཙོ་བོ་གྲྭ་བཙུན་གྱི་སྡེ་ མ་གཏོགས་དར་ཁྱབ་མ་སོང་བ། བོད་ཀྱི་འབངས་མི་ཕལ་ཆེ་བའི་སེམས་ན་བོད་ཡིག་ནི་གསུང་རབ་ཅིག་ཡིན་པའི་འདུ་ཤེས་ ཆེ་བ། བོད་ཁམས་སིལ་བར་འཐོར་ཞིག་ཏུ་ཕྱིན་པ་དང་། བོད་པ་རྣམས་ཡུལ་གྲུ་ཐག་རིང་གི་བར་མཚམས་བྱས་ཏེ་བསྡད་པས་སྐད་འབྲེལ་འདྲེས་མ་ བྱུང་བ། ཚོང་འབྲེལ་དང་ལྷན་འཛོམས་ཀྱི་གོ་སྐབས་ཉུང་བ་བཅས་ཀྱིས་གནོད་རྐྱེན་ཐེབས་ཡོད། བོད་སྐད་དུ་བསྒྱུར་སྐབས་མིང་མ་རྙེད་པར་གཞན་གྱི་མིང་བརྡ་གཡར་བ་དང་ཅི་བཞིན་ བཞག་པའི་དཔེ་མཚོན་ནི། རྒྱ་གར་ནག་དང་སོག་པོ་གསུམ་གྱི་མིང་བརྡ་འདི་ཚོ་རེད། “ཙན་ དན། གུར་ཀུམ། པོ་ཏི། ཙམ་པ་ཀ ཀོོ་ཤ་ཀ ཀེང་ཤི གཡང་ཌི་སོགས་མི་རིགས་གཞན་གྱི་བརྡ་སྐད་མང་པོ་བོད་སྐད་དུ་ཚུད་པ། ད་དུང་དེ་ཡི་ག་ལ་ཚད།སོག་པོའི་དམག་སྲིད་ལས་དོན་དང་རྒྱའི་རིག་གཞུང་དཔལ་འབྱོར་ གྱི་ཤུགས་རྐྱེན་ལས་བོད་སྐད་དུ་ཧོར་རྒྱའི་གཡར་མིང་མང་པོ་བྱུང་བ། དཔེར་ན། ཇ་སག ཏི་ཤྲི། ཝང་། ཧན། ནོ་མོ་ཧན། ཏཱ་མིང་། ཨམ་བན། ཏ་སི་ཏུ། ཐའི་ཇི། ཆི་གེ འུ་ལག ཨེམ་ཆི། ཏ་ལ། པཀྴི། ཀརྨ། སེ་མོ་དོ། ཐུའུ་སི། ཐུའུ་བཀྭན་སོགས་ལྟ་བུ་དང་། རྒྱའི་སྐད་ཀྱི་གཡར་ཚིག་མང་དུ་འཕེལ་ཏེ་བོད་སྐད་ཀྱི་ནང་དུ་རྒྱ་སྐད་ཀྱི་ཆ་ཤས་ ཇེ་མང་ལ་སོང་བ། དཔེར་ན། ཀྲུང་ཧྭ། ཀྲུང་དབྱང་།ཧྲང་ཧའེ། པེ་ཅིན། ཞི་ཧྲན། ཏ་ཡན་མཆོད་རྟེན།ཞང་ཀང་། ཀུང་ཟི། ཁྲུའུ། ཞན། ཞང་། ལན་གྲུ་ལྟ་བུ་ཤིན་ཏུ་མང་། ཐ་སྙད་གསར་བའི་མིང་བརྡ་མང་པོ་ཞིག་བོད་ཡིག་ཏུ་ཐད་ཀར་བསྒྱུར་ཏེ་བོད་སྐད་ཀྱི་ ཆ་ཤས་གསར་བ་ཞིག་ཏུ་གྱུར་པ། དཔེར་ན། ལྕགས་རྟ། གློག་རྡུལ། འཕྲུལ་འཁོར་སོགས་བགྲང་ལས་འདས་པ་ཞིག་ཡོད་མོད། འདི་དག་ནི་དཔེར་མཚོན་ཙམ་ཡིན། ”་ལྷག་པར་ད་ལྟའི་དུས་སུ་བོད་ཀྱི་སྐད་ལ་བཀས་བཅད་མ་བྱས་པས་ཉམས་རྒུད་ཕྱིན་ཡོད། སྐད་ བཀས་བཅད་ལ་ཡང་བཤད་ཚུལ་མི་མཐུན་པ་དུ་མ་བྱུང་སྟེ་རྒྱལ་བོ་འདིའི་དུས་དང་དུས་ རབས་འདི། ལོ་ཙྭ་ཁོང་རེད་ཅེས་སེམས་ཁ་གང་བའི་ལོ་རྒྱུས་ཤིག་བཙལ་ན་རྙེད་རྒྱུ་དཀའ་བའི་ ཚོད་རེད། གྲགས་ཆེ་བ་སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི་(དག་ཡིག་ལི་ཤིའི་གུར་ཁང་)ལས་བཀས་བཅད་གསུམ་གསུངས་པ་དང་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་(སྐྱེས་རབས་འགྲེལ་པ་ཐེག་ཆེན་གསལ་སྒྲོན)་ ལས་བཀས་བཅད་གཉིས་གནང་རབས་གསུངས་པའོ། ། ཡོངས་འཛིན་ལྟར་ན། བཀས་བཅད་དང་པོ་ནི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱས་པར་འདོད། བཀས་བཅད་གཉིས་པ། ཆོས་རྒྱལ་ཁྲི་རལ་པ་ཅན་གྱི་དུས་སུ་བྱུང་བར་ཞལ་གྱིས་བཞེས། བཀས་བཅད་གསུམ་པ་མ་གསུངས་པའི་རྒྱུ་མཚན། དོན་དངོས་ཀྱི་ལག་ལེན་གང་མང་ཞིག་བཀས་བཅད་གཉིས་པ་ལྟར་གཙོ་ཆེ་ཞིང་གནས་པ་མང་བས་ ཡིན་པར་གསུངས། ལི་ཤིའི་གུར་ཁང་ལས་བཀས་བཅད་དང་པོ་ནི། ཐོན་མིས་༦༡༧ ༦༥༠་ བོད་ཡིག་དག་བཅོས་གནང་སྟེ་བརྡ་སྤྲོད་གསར་བཏོན་བྱས་པ་ནས་ཆོས་རྒྱལ་ཁྲི་སྲོང་ ལྡེ་བཙན་གྱི་སྐུ་ཚེའི་སྟོད་དུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་བོད་ཡིག་དག་ བཅོས་གནང་བ་ལ་འདོད། བཀས་བཅད་གཉིས་པ་ནི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བཀས་བཅད་བྱས་པ་ནས་མངའ་བདག་ཁྲི་རལ་པ ༨༠༢ ༨༣༦ཅན་ གྱི་བར་་དག་བཅོས་གནང་བ་ལ་འདོད། བཀས་བཅད་གསུམ་པ་ནི། དུས་རབས་བཅུ་བའི་མཇུག་ཏུ་བྱོན་པའི་སྒྲ་སྒྱུར་ལོ་ཙྭ་བ་ཆེན་པོ་རིན་ཆེན་པོ་ སོགས་བྱུང་བ་ནས་དུས་རབས་བཅོ་ལྔའི་དཀྱིལ་དུ་བྱོན་པའི་ཞ་ལུ་ལོ་ཙཱ་ཆོས་སྐྱོང་ བཟང་པོ་བར་གྱི་ལོ་ཙཱ་བས་བོད་ཡིག་དག་བཅོས་གནང་བ་ལ་འདོད། འདི་ལྟར་བཀས་བཅད་གསུམ་བྱས་པའི་བརྒྱུད་རིམ་རགས་བསྡུས་ཤིག་དཔེ་དེབ་ཁྲོད་ནས་ ཚུར་བླངས་ཏེ་དོ་སྣང་ཅན་གྱི་ན་གཞོན་ཚོ་ལ་ཕུལ་བ་ལས་འདི་ཡིན་དང་གན་བདེན་གྱིས་ ཐག་བཅད་ནི་རྩ་བ་མེད་དོ། །

༥༽ སྤྱི་སྐད། ཕལ་སྐད། ཡུལ་སྐད། ཕ་སྐད། ཁ་སྐད་བཅས་ཀྱི་ཁྱད་པར། རྩ་བའི་བོད་ཀྱི་སྐད་ལ་དབྱེ་ཚུལ་མང་དུ་ཡོད་ཀྱང་གཙོ་ཆེ་བ་བགྲང་ན་གཤམ་གྱི་འདི་དག་གི་ནང་དུ་འདུ་བར་སྙམ། ཡིག་སྐད། ཡུལ་སྐད། ཁ་སྐད། ཕལ་སྐད། ཕ་སྐད། ཡང་ན། དབུས་སྐད། ཁམས་སྐད། ཨམ་སྐད་འདི་གསུམ་དང་། དེ་ལས་གཞན་འབྲོག་སྐད་དང་རོང་སྐད་བཅས་འདི་དག་ཡིན། སྤྱི་བཏང་བོད་ཀྱི་མཁས་དབང་དང་བསམ་བློ་པ་དག་གིས་གོང་གསལ་གྱི་ཁ་སྐད་དང་ཡུལ་ སྐད། ཕལ་སྐད་གསུམ་གྱི་ངོ་བོ་འདོད་ཚུལ་མི་འདྲ་བ་མང་བོ་ཞིག་དྲང་བདེན་གཞི་ལ་བཅོལ་ ནས་སྨྲ་མཁན་དང་དགོས་མེད་ཕྱོགས་ལྷུང་གིས་དྲི་མས་བསྒྲིབས་ཏེ་འདོད་མཁན་རིགས་ མང་། དེས་ན། ངས་འདི་བདེན་དང་གན་ནོར་འདུག་ཅེས་བཤད་མི་ནུས་པ་དང་གལ་སྲིད་བཤད་ན་ཡང་དེ་ནི་ ཕན་རྒྱུ་ལས་གནོད་ཤས་ཆེ། ཡིན་ ནའང་དེ་རིང་འདིར་དམིགས་ཀྱིས་བཀར་ནས་འདིའི་སྐོར་ལ་བསམ་འཆར་ཤོད་ཅེས་ལབ་དུས་ང་ ཁ་རོག་གེར་འདུག་ཐུབ་བྲལ། ད་ནི་ངས་ཀྱང་རང་གི་ལྟ་ཚུལ་ཁག་ཅིག་བརྗོད་རྒྱུ་ལས་ཐག་བཅད་རང་བཞིན་ཅན་ཞིག་ནི་ གཏན་ནས་མི་སྲིད་ལ་དེ་འདྲའི་ཕྱོགས་སུ་ངས་འབད་བརྩོན་བརྟེན་འདོད་མེད། ངའི་བསམ་ཚུལ་ལྟར་ན། ༡༽ ཡིག་ སྐད་ནི་ཡོངས་གྲགས་ལྟར་བརྡ་སྤྲོད་ཀྱིས་ལམ་ནས་བརྗོད་པའི་སྐད་ཅིག་ལ་འདོད། ༢༽ ཁ་སྐད་ནི་སྐད་ཡིག་གི་སྒྲིག་ཁྲིམས་ལ་མ་བརྟེན་པར་རང་བཞིན་གྱིས་སླེབས་པ་ལྟ་ བུའི་བོད་ཀྱི་སྐད་ཅིག་ལ་འདོད།༣༽ ཡུལ་སྐད་ནི་ཡུལ་ལུང་སོ་སོས་ཁ་ན་རྒྱུན་དུ་བེད་སྤྱོད་བཞིན་པའི་སྐད་ཅིག་ལ་ འདོད། ༤༽ ཕལ་སྐད་ནི་ཡུལ་ལུང་བྱེ་བྲག་པས་བེད་སྤྱོད་ཀྱང་བརྡ་སྤྱོད་ཀྱི་གཞུང་ལུགས་དང་ མི་མཐུན་ཞིང་བོད་མི་ཕལ་ཆེ་བས་གོ་མི་ནུས་པའི་སྐད་ཅིག་ལ་འདོད། ༥༽ ཕ་སྐད་ཅེས་པ་ནི་མེས་པོ་གོང་མ་ཚོའི་ངག་རྒྱུན་བརྒྱུད་ནས་འོང་བའི་བོད་སྐད་ཅིག་ ལ་འདོད། རོང་སྐད་དང་འབྲོག་སྐད་ལ་སྤྱི་སྐད་ཡིན་མིན་གྱི་མུ་བཞི་བརྩི་རྒྱུ་ཡོད། གོང་གི་སྐད་དེ་དག་ལས་སྤྱི་སྐད་དང་མུ་བཞི་བརྩི་རྒྱུ་མེད་པ་ནི་ཕལ་སྐད་ཁོ་ནའོ། ། བོད་ཆོལ་ཁ་གསུམ་གྱི་ཡུལ་སྐད་ནི་བོད་ཀྱི་སྐད་ཡིན་ཏེ། བོད་ཀྱི་ཁོར་ཡུག་དང་འཚོ་བ་བོད་མི་རང་གིས་རང་ས་ནས་མྱོང་གོམས་བྱས་ཏེ་གཙོ་བོར་ བརྗོད་པའི་ངག་ཡིན་པའི་ཕྱིར། དེ་ཡང་སྐད་རིགས་གསུམ་བཞི་སྨྲ་བའི་མཁས་དབང་ཟམ་གདོང་རིན་པོ་ཆེས། བོད་པ་ཟེར་བ་དེ་ཡུལ་གྲུ་ཁྱད་པར་བ་ཞིག་ལ་བཞག་ནས་ཡུལ་གྲུ་དེར་བེད་སྤྱོད་བྱེད་ པའི་སྐད་དེ་ལ་བོད་སྐད་ཅེས་ལབ་པ་རེད། ཐོག་མར་བོད་ནས་བྱུང་བ་དང་གཙོ་བོར་བོད་དུ་བེད་སྤྱོད་བྱེད་ཀྱི་ཡོད་པའི་དབང་ གིས་བོད་སྐད་ཅེས་ལབ་པ་རེད། བོད་ཀྱི་སྐད་ཡིག་དེ་གང་འདྲ་ཞིག་ལ་འགྲེལ་བཤད་རྒྱག་དགོས་པ་རེད་ཅེ་ན། དབྱངས་བཞིི་དང་གསལ་བྱེད་སུམ་ཅུ་ལ་བསྟུན་པའི་ལུང་སྟོན་པའི་རྣམ་གཞག་ལ་བརྟེན་ པའི་སྐད་ཡིག་ཅིག་ལ་བོད་ཀྱི་སྐད་ཡིག་ཟེར་གྱི་ཡོད་པ་རེད། དབུ་ཅན་དང་དབུ་མེད་ནང་བྲིས་པའི་ཡི་གེ་དང་ཡིག་གཟུགས་ལ་བོད་ཡིག་ཅེས་ལབ་པ་རེད། གང་ལྟར་ཡང་ཐོན་མིས་བརྩམས་པའི་བརྡ་སྤྲོད་ཀྱི་རྣམ་གཞག་ལ་བརྟེན་ནས་འབྲི་དགོས་ པ་དང་བཤད་དགོས་པའི་སྐད་དང་ཡི་གེ་ཞིག་ལ་བོད་ཀྱི་སྐད་ཡིག་ཅེས་ངོས་འཛིན་བྱེད་ དགོས་པ་རེད། ། ཅེས་ནང་བསྟན་རིག་གཞུང་གི་གཏན་ཚིགས་ཀྱི་རྒྱབ་རྟེན་ཡོད་པའི་སྒོ་ནས་གསུངས་པ་ ནི་དོན་དང་མཐུན་པའི་ལེགས་བཤད་རྨ་མེད་པའོ། །

༦༽བརྗོད་གཞི་ལས་འཕྲོས་ཏེ་རང་གི་ལྟ་ཚུལ་ཁག་བརྗོད་པ། གོང་ དུ་རང་དང་གཞན་གྱི་ལྟ་ཚུལ་མདོར་བསྡུས་ཤིག་བཤད་ཟིན། འདིར་དམིགས་བསལ་གྱི་ཞུ་རྒྱུ་ཁག་ཅིག་འདུག་པས་དོན་ཚན་འདི་ལ་བརྗོད་གཞི་ལས་ འཕྲོས་ཏེ་རང་གི་ལྟ་ཚུལ་ཁག་བརྗོད་པ་ཞེས་མིང་བཏགས་པ་ཡིན། གོང་དུ་སྤྱི་སྐད། ཡུལ་སྐད། ཁ་སྐད། ཕལ་སྐད། ཕ་སྐད་བཅས་བཤད་པའི་སྤྱི་སྐད་ཐད་ལ་གཞན་གྱིས་འདོད་ཚུལ་དང་རང་གིས་ལྟ་ཚུལ། དང་པོ་གཞན་གྱིས་འདོད་ཚུལ་ནི། ཁ་ ཅིག་གིས་སྤྱི་སྐད་ནི་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་པའི་སྐད་ཡིན་ མིན་དང་། རེ་ཟུང་གིས་བོད་མི་ཕལ་ཆེ་བས་བཀོལ་སྤྱོད་གཏོང་གི་ཡོད་མེད་དང་དེའི་དོན་གོ་ ནུས་མི་ནུས་ལ་འདོད། དེ་ལས་གཞན་བཤད་མཁན་མང་ཡང་གཙོ་བོ་འདི་གཉིས་རེད། དང་པོའི་དབང་དུ་བྱས་ན་ཁ་སྐད་དང་ཕལ་སྐད། ཡུལ་སྐད་སོགས་ནི་སྤྱི་སྐད་ལ་གཏན་ནས་མི་འདོད། གཉིས་པ་ལྟར་ན། ཕལ་སྐད་ནི་སྤྱི་སྐད་ལ་གཏན་ནས་མི་འདོད་ཀྱང་ཁ་སྐད་ལ་སྤྱི་སྐད་ཡོད་མེད་འདོད་ ཚུལ་མི་འདྲ། ཡུལ་སྐད་ལ་སྤྱི་སྐད་ཡོད་པར་ཁས་ལེན། དཔེར་ན། བོད་ནང་གི་མཁས་པ་ལྕང་ཞབས་འགྱུར་མེད་ཚེ་དབང་གིས། དངོས་པོའི་གཤིས་ཀྱིས་བརྡ་སྤྲོད་ཅིང་བསླུ་མེད་བསྙོན་མེད་ཀྱིས་མེ་རྟགས་ཆུ་ རྟགས་བསྟན་པའི་གངས་ཅན་སྤྱི་སྐད་ཅིག་ཡོད། གང་ཡིན་ཟེར་ན་ཕྱི་ཕྱོགས་ན་ཡོད་པའི་བོད་རིགས་སྤུན་ཟླ་དེ་དག་གི་བོད་སྐད་ནི་ སྤྱི་སྐད་ཡང་དག་པ་ཞིག་རེད། གནས་དེར་འདུས་སྡོད་བྱེད་པའི་བོད་ཀྱི་མི་སྣ་ཡང་མདོ་དབུས་ཁམས་གསུམ་མམ། རོང་འབྲོག་གཉིས་སོགས་ཕྱོགས་མཚམས་མང་པོ་ནས་ཕེབས་པ་ཞིག་རེད། དེ་དག་འགྲོགས་འདྲིས་དང་། སྐྱིད་ སྡུག་གི་ཚོར་བ་མཉམ་མྱོང་ལས་གྲུབ་པའི་བོད་སྐད་དེ་ནི་སྤྱི་སྐད་ཨང་དང་བོ་དེ་ རེད། སྐད་དེ་ནི་མདོ་དབུས་ཁམས་གསུམ་མམ་རོང་འབྲོག་གཉིས་སོགས་གང་འདྲ་ཞིག་ཡིན་རུང་ གསལ་རྒྱས་ཚང་གསུམ་འཛོམས་པ་ཞིག་བརྡ་འཕྲོད་ཀྱི་ཡོད། བོད་སྐད་དེ་ནི་སྤྱི་སྐད་མ་བཏགས་རུང་དོན་ལ་སྤྱི་སྐད་རེད། དེང་དུས་མཁས་པ་མང་ཤོས་ཤིག་གིས་ཀྱང་སྤྱི་སྐད་མཆེད་གཞི་མི་སྣ་འདུས་སྡོད་ཆེས་ མང་ཞིང་ངེས་མེད་ཀྱི་འགྲུལ་བཞུད་རྒྱུ་ལམ་ཞིག་ལ་འདོད་ཀྱི་ཡོད་ཅེས་བྲིས་འདུག འདི་ ནི་ཁོང་གིས་ཐུགས་བསམ་བཞེས་ནས་བྲིས་པ་ཞིག་རེད། ཡིན་ནའང་། ཕྱི་ཕྱོགས་ཀྱི་བོད་སྐད་ལ་དེ་འདྲའི་ཁྱད་ཆོས་ཤིག་ཡོད་ལབ་ན་རྫུན་དུ་རེད་ཅེས་ བཤད་དཀའ་ན་ཡང་སྐྱོན་ཆེ་ཤོས་ཁོང་གིས་མཐོང་མི་འདུག་པ་དེ་རེད། དེ་གང་ཞེ་ན་ང་ཚོ་ཕྱི་ཕྱོགས་ཀྱི་བོད་པ་ཕལ་ཆེ་བས་སྐད་ཆ་བཤད་སྐབས་ནང་དུ་དབྱིན་ སྐད་དང་ཧིན་སྐད། མཐའ་ན་རྒྱ་མིའི་སྐད་སོགས་བསྲེས་པའི་ཉ་ཉོག་མ་དེ་མ་གཟིགས་པས་རེད། དེ་མིན་ཁོང་གིས་འདི་དག་དངོས་སུ་མཐོང་ན་སྤྱི་སྐད་མ་དགོས་ཕལ་སྐད་ལས་ཀྱང་སྡུག་ པ་ལ་ཞིག་ལ་ངོས་འཛིན་གནང་ངེས་རེད། གཉིས་ པ་རང་གིས་ལྟ་ཚུལ་ནི། གོང་གསལ་གྱི་འདོད་ཚུལ་གཉིས་ལས་ཕྱི་མའི་རྗེས་སུ་འབྲང་སྟེ་བོད་ཀྱི་སྤྱི་སྐད་ ལ་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་པ་ཞིག་དང་། དེ་མིན་བོད་མི་ཕལ་ཆེ་བས་བཀོལ་སྤྱོད་གཏོང་བ་དང་དེའི་དོན་གོ་ནུས་པ་ཡིན་ན་བོད་ ཀྱི་སྤྱི་སྐད་དུ་འཇོག་ཆོག་སྙམ། ང་རང་གི་ལྟ་ཚུལ་ལྟར་བྱས་ན་བོད་ལ་ད་ལྟའི་དུས་སུ་སྤྱི་སྐད་ཅིག་མེད་པའི་འདུ་ ཤེས་འཛིན་གི་ཡོད། རྒྱུ་མཚན། བོད་ཀྱི་ཁོར་ཡུག་དང་སྣོད་བཅུད་གཉིས་ཀྱི་མཚོན་པའི་ཤེས་བྱ་ཕལ་ཆེ་བ་མིང་བརྡ་ དེ་འདྲ་ཞིག་ལ་བརྟེན་ནས་ཆོལ་གསུམ་བོད་མི་དབྱིངས་ཀྱིས་ཤེས་མི་ནུས་པས་ཡིན། འོན་ཀྱང་ཅ་དངོས་རེ་ཟུང་གི་ཐ་སྙད་གཅིག་ཡོད་པ་ནི་བདེན་དུ་མཆིས་ཀྱང་དེ་ཙམ་ གྱིས་བོད་ལ་སྤྱི་སྐད་ཡོད་པར་སྒྲུབ་མི་ནུས། དེའི་ཐད་ནས་སྔོན་མ་ང་ཚོས་དྲ་ཐོག་ནས་བགྲོ་གླེང་ཤུགས་ཆེན་བྱས་པ་མ་ཟད་སྐབས་དེར་བདག་གིས་བོད་ལ་སྤྱི་སྐད་མེད་པར་ཁས་བླངས་ཡོད། དེ་དུས་ངས་(ཁྱོད་ཚོས་འུར་མ་རྒྱག་ད་ལྟ་བོད་ལ་སྤྱི་སྐད་མེད)་ ཅེས་པའི་བསམ་ཚུལ་ཐུང་ངུ་ཞིག་ཀྱང་བྲིས་པ་རེད། སྤྱི་ཡོངས་ནས་དེ་དུས་ཀྱི་ངའི་ལྟ་ཚུལ་ལམ་བཤད་པ་དེའི་ནང་དུ་ནོར་འཆུག་མང་བ་ རྗེས་སུ་རང་གིས་ཀྱང་ཤེས་སོང་མོད། བོད་ལ་སྤྱི་སྐད་མེད་པའི་དཔེ་མཚོན་དུ་ངས་སྐབས་དེར་འདི་འདྲ་བཞག་པ་ཡིན། གལ་སྲིད་བོད་ལ་ད་ལྟའི་དུས་སུ་སྤྱི་སྐད་ཅིག་ཡོད་ན་ཡི་གེ་མི་ཤེས་པའི་དབུས་པ་ དང་ཨ་མདོ་བ། ཁམས་པ་གསུམ་ལྷན་དུ་བཞག་ནས་བོད་ཀྱི་ཅ་དངོས་སོགས་རྒྱུན་དུ་འཚོ་བའི་ཁྲོད་ན་ བེད་སྤྱོད་གཏོང་བཞིན་བ་དག་གི་མིང་བརྡ་ངོས་འཛིན་བྱས་ན་ཕན་ཚུན་གྱིས་གོ་བརྡ་ མི་འཕྲོད་པ་དང་། ལྷག་པར་ཁྱེད་གང་ནས་ཡོང་དང་གང་དུ་འགྲོ། ཟ་མ་ཟོས་ཨེ་ཡོད་ལབ་ན་བརྡ་མི་འཕྲོད་པ་མིག་མཐོང་ལག་ཟིན་རེད། དེ་བས་ཀྱང་ད་ལོར་ཨ་མདོ་ནས་རྡུང་ལེན་འགྲན་བསྡུར་ཞིག་འཚོགས་ཤིང་དེའི་སྟེང་དུ་ བརྒྱ་ཆ་རྒྱག་མཁན་ཁམས་དང་དབུས་ཀྱི་རོལ་མོ་བ་ཆེད་མཁས་གཉིས་གདན་འདྲེན་ཞུས་འདུག དབུས་ པ་དེས་འགྲེལ་བཤད་བཀྱོན་སྐབས་ཨ་མདོ་བས་རྡུང་ལེན་འགྲན་བསྡུར་ནང་ཞུགས་མཁན་ཚོས་ མ་གོ་བའི་མི་ཚད་མདོ་འཛིན་པ་ཚེ་མགོན་གྱིས་ཀྱང་མ་གོ་ནས་སྒྱུ་རྩལ་བ་སྨན་བླ་ སྐྱབས་ཀྱིས་སྐད་བསྒྱུར་བ་རེད། མདོ་འཛིན་པ་ཚེ་མགོན་ནི་དུས་རྒྱུན་མདོ་དབུས་ཀྱི་ས་ཕྱོགས་ག་ས་གང་དུ་འགྲོ་མཁན་ ཞིག་དང་ལྷག་པར་བོད་ཀྱི་རྩོམ་ཡིག་ལ་བྱང་བའི་གང་ཟག་ཅིག་རེད། རྒྱུ་མཚན་དེས་ན། བོད་ཡིག་ཤེས་ན་ཡང་ད་དུང་བོད་སྐད་ཀྱི་ལམ་ནས་དབུས་པ་དང་ཨ་མདོའི་བར་དུ་ལོ་ཙྭ་ དགོས་པ་དེ་རེད། གཞན་རྒྱ་སྐད་མ་བཤད་ན་གོ་བརྡ་མི་འཕྲོད་པ་མངོན་སུམ་ཚད་གྲུབ་རེད། ངས་དྲ་ཐོག་ནས་ང་ཚོས་སྤྱི་སྐད་ཡོད་མེད་གླེང་བའི་སྐབས་སུ་གལ་ཏེ་བོད་ལ་སྤྱི་ སྐད་ཅིག་ད་ལྟའི་དུས་སུ་ཡོད་ན་ང་ཚོས་ས་མཐའ་འདི་ན་བེད་སྤྱོད་པ་འདི་དང་གཞིས་ ཆགས་ཀྱི་སྐད་དེ་གཉིས་རེད། འོན་ཀྱང་དེ་ནི་ང་ཚོ་ཡུལ་གྱར་བ་ཚོ་ལ་སྤྱི་སྐད་དུ་འགྲོ་ཡང་བོད་ནང་གི་སྤུན་ཟླ་ ཚོ་ལ་མཚོན་ན་དེ་ནི་འདྲེ་སྐད་ཅིག་ཏུ་ལྟ་ངེས་རེད། རྒྱུ་མཚན་དབྱིན་སྐད་དང་ཧིན་སྐད་སོགས་ཀྱིས་བསླད་ཞུགས་པའི་ཕྱིར་ཅེས་ལབ་ཡོད། གོང་དུ་ཁམས་ཕྱོགས་ཀྱི་མཁས་པ་ལྕང་ཞབས་འགྱུར་མེད་ཚེ་དབང་གིས་བརྩམས་པའི་(ཤེས་ཡིག་གི་སྤྱི་རྣམ་ཚངས་པའི་དྲང་ཐིག)་ ཅེས་པར་ལྟ་ཚུལ་དེ་བཀོད་འདུག་མོད། རྒྱུས་ལོན་མེད་པ་ངས་གོང་དུ་བཤད་ཟིན་པས་འདིར་བསྐྱར་ཟློས་མི་བྱ། མདོར་ན། ད་ལྟའི་དུས་སུ་བོད་ལ་སྤྱི་སྐད་མེད་པ་གསལ་གསལ་ཐིང་ཐིང་ཡིན་པ་རེད། དེས་ན་སྤྱི་སྐད་ཨེ་ཡོང་གི་ཕྱིར་ཏུ་ཚང་མས་དོ་སྣང་དགོས་པ་རེད། ངས་སྔོན་མ་ད་ལྟ་བོད་ལ་སྤྱི་སྐད་མེད་པས་སྤྱི་སྐད་ཅིག་ཇི་ལྟར་འབྲི། རྒྱུ་མཚན་དེའི་ཕྱིར་ན་ངས་སྤྱི་སྐད་འབྲི་མི་ཤེས་པས་ཁ་སྐད་བྲི་གི་ཡིན་ལ་ལྷག་ པར་ཨམ་སྐད་བྲི་གི་ཡིན། དེའི་ནང་ནས་ཀྱང་ཨ་རིག་གླེན་པའི་ཕ་སྐད་གཙང་མ་དེ་བྲི་རྒྱུ་ཡིན། གལ་ཏེ་བོད་ལ་ད་ལྟའི་དུས་སུ་སྤྱི་སྐད་ཅིག་ཡོད་པའི་དཔེ་མཚོན་དང་རྒྱུ་མཚན་ཡང་ དག་ཅིག་སྟོན་རྒྱུ་རྙེད་སོང་ན་སྐབས་དེར་བདག་གིས་ཨུ་ཚུགས་ནི་ནམ་ཡང་མི་རྒྱག་ ཅེས་བཤད་ཡོད་ལ། ད་ལྟ་ཡང་ལྟ་ཚུལ་དེ་ལ་འགྱུར་བ་གཏན་ནས་མེད། ང་ རང་གི་བསམ་ཚུལ་ལྟར་བྱས་ན་སྤྱི་སྐད་མེད་ས་ནས་ང་ཚོས་སྤྱི་སྐད་བཙལ་དགོས་པ་རེད། རྒྱུ་མཚན། དེས་ན་ཁྱོད་དབུས་པ་ཞིག་ཡིན་པས་དབུས་སྐད་ཤོད། ང་ཨ་མདོ་ཞིག་ཡིན་པས་ཨམ་སྐད་བཤད། ཁམས་པ་ཞིག་ཡིན་པས་ཁམས་སྐད་ཤོད་དང་ཕྲིས་དང་དེའི་ནང་ནས་ང་ཚོ་ཐུན་མོང་གིས་གོ་ ནུས་པའི་ཐ་སྙད་རེ་བྱུང་ན་དེ་ནི་སྤྱི་སྐད་རེད། ང་ཚོས་ཆོལ་ཁ་གསུམ་ཕན་ ཚུན་གྱི་ཡུལ་སྐད་ལ་ཨེ་ཙི་ན་ཚ་བཞིན་འཛེམས་དགོས་དོན་ཅི། དེ་རིང་གི་བརྗོད་གཞི་དང་འབྲེལ་ནས་གླེང་ན། སྤྱི་སྐད་ཅིག་མེད་པས་གང་འདོད་དུ་རང་ཕྱོགས་ཀྱི་ཐ་སྙད་མཁྲེགས་པོ་དག་བོད་ཀྱི་ དཔེ་དེབ་དང་ལྷག་པར་ཚིག་མཛོད། གསུང་རབ་ཀྱི་ཁྲོད་དུ་འཇོག་མི་རུང་། ཡིན་ནའང་། ཆོལ་ཁ་གསུམ་གྱི་ཡུལ་སྐད་བོད་མི་བྱིངས་ཀྱིས་གོ་ནུས་པ་ཞིག་ཡོད་ན་དེ་ནི་དེབ་ དང་ཚིག་མཛོད་སོགས་ཀྱི་ནང་དུ་འཇོག་ནུས། དེ་མིན་ཆོལ་གསུམ་གྱིས་ཕན་ཚུན་གྱི་སྐད་ལ་ཡུལ་སྐད་ཅེས་མིང་གིས་བསྙད་དེ་ཕལ་ སྐད་ཅིག་ཏུ་ངོས་འཛིན་བྱས་ཏེ་འཛེམས་པ་དང་སྐྱོན་ བརྗོད་བྱས་ན་སྤྱི་སྐད་ཡོང་བར་གནོད་རྒྱུ་གཏན་འཁེལ་བ་རེད། དེ་ལ་བརྟེན་ཆོལ་གསུམ་གྱི་མཐུན་སྒྲིལ་གཏོར་རྒྱུ་ནི་མྱོང་བས་གྲུབ། དཔེར་མཚོན་ཙམ་ཞུས་ན། ས་འདི་གའི་ཨ་རིའི་ཀུན་གླེང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ནང་གི་དབུས་སྐད་ བཤད་མི་དགོས། ཁམས་སྐད་དང་ཨམ་སྐད་གཉིས་ནི་ཕན་ཚུན་གྱིས་གོ་ངེས་རེད། ཕྱི་ཕྱོགས་ཀྱི་བོད་པ་ཚོར་ལབ་ཡིན། འོན་ ཀྱང་ཁམས་པས་བཤད་ན་ཨ་མདོ་བ་དང་དབུས་པ་ཚོས་འཕྱ་དམོད་གཏོང་ལ་ཨ་མདོ་བས་བཤད་ན་ དེ་ལུགས་འཕྱ་དམོད་བྱེད་པ་ང་ཚོས་མངོན་སུམ་དུ་མཐོང་། འདི་ལྟར་གོ་ཡང་མི་གོ་མདོག་མདོག་དང་ཕན་ཚུན་གྱི་ཕ་སྐད་གཙང་མ་དེ་བཙོག་པ་ལྟ་ བུར་བརྩིས་ན་སྤྱི་སྐད་མི་ཡོང་བ་ཇེ་སྡུག་ལས་ལེགས་ཆ་ཞིག་གཏན་ནས་མེད། དེས་ན། ཆོལ་གསུམ་གྱི་སྐད་ལས་བོད་མི་ཕལ་ཆེ་བས་གོ་བ་དག་ནི་སྤྱི་སྐད་དུ་འཇོག་རྒྱུ་དང་ བརྩི་རྒྱུ་ལས། ཐོན་མིས་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་མིན་ལ་བསྡུར་རྒྱུའི་དུས་ཚོད་ཅིག་ མ་རེད། འོན་ཀྱང་། ནམ་ཡང་དཔེ་དེབ་དང་ཚིག་མཛོད། གསུང་རབ་ཁྲོད་དུ་བཅུག་མི་རུང་བ་ནི་ཕལ་སྐད་དག་རེད། ཕལ་སྐད་ནི་བོད་ཆོལ་ཁ་གསུམ་གྱི་ནང་དུ་ཁྱབ་ནས་ཡོད་ལ། ལྷག་པར་ཨ་མདོ་བ་ལ་མཚོན་ན་རྫོང་གཅིག་གི་ནང་དུ་ཕན་ཚུན་ལ་གོ་བརྡ་མི་འཕྲོད་པའི་ ཕལ་སྐད་བཤད་རྒྱུ་ཡོད། ཁམས་དང་དབུས་པ་དེ་བཞིན་ནོ། ། ང་ཚོས་ད་ལྟའི་དུས་སུ་འབྲོག་རོང་གི་སྐད་ཀྱི་ཡག་བཙོག་བརྩད་ནས་མི་འདུག་པར་རོང་ འབྲོག་གི་སྐད་ནང་ན་བོད་མི་ཡོངས་ཀྱིས་གོ་ནུས་པ་ག་ཚོད་འདུག་ཅེས་བསམ་གཞིག་བཏང་ སྟེ་རྙེད་ན་བེད་སྤྱོད་རྒྱུ་ལས་ཕན་ཚུན་ལ་ཁ་འཛིང་བྱས་ཏེ་འདུག་མི་རུང་བ་ནི། མགྱོགས་མྱུར་ཆེ་བའི་ད་ལྟའི་དུས་ཚོད་དང་དེང་གི་རྒྱ་ནག་གིས་གྲངས་ཉུང་མི་རིགས་ ཀྱི་སྐད་ཡིག་ལ་བཅངས་པའི་སྲིད་བྱུས་ལས་རྟོགས་ནུས་སོ། ། མཐའ་ དོན་ད་ལྟའི་ དུས་སུ་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་འདི་རླུང་ཁའི་མར་མེ་ལྟ་བུར་གྱུར་ཡོད་པས་ ཤ་ཁྲག་རུས་གསེང་ན་བོད་ཀྱི་ཁྲག་རྒྱུན་མཆིས་པ་གང་ཡོད་ཀྱིས་བསམ་བློ་བཏང་སྟེ་ བོད་སྐད་གཙང་མ་ཞིག་ཨེ་ཤོད་དང་བོད་ཡིག་དག་མ་ཞིག་བྲི་ཨེ་ཐུབ་ལ་འབད་རྒྱུ་གལ་ ཆེ་ལ། དེ་ནི་མི་བུ་སོ་སོ་ནས་འཇོན་པའི་ལས་ཀ་རླབས་ཆེན་ཞིག་ཀྱང་ཡིན། དེ་མིན་ཆོལ་ཁ་དང་ལུང་ཚན་སོ་སོའི་ཕྱོགས་ཞེན་གྱི་དབང་དུ་སོང་སྟེ་བརྡ་སྤྲོད་ ཀྱི་གཞུང་ལུགས་དང་མི་མཐུན་པ་དང་བོད་མི་བྱིངས་ཀྱི་གོ་བར་མི་ནུས་པའི་ཕལ་སྐད་ རིགས་རྒྱུན་སྤྱོད་བྱ་མི་རུང་བ་དང་། ལྷག་པར་ཕལ་སྐད་དེ་དག་ནི་བོད་ཀྱི་ཚིག་མཛོད་དང་ལེགས་བཤད་དུ་གྱུར་བའི་བསྟན་ བཅོས་གསུང་རབ་དག་གི་ནང་དུ་ནི་ནམ་ཡང་བཅུག་མི་རུང་སྟེ། དེ་ཡང་རང་ཅག་རྣམས་ཀྱི་སྙིང་གི་དབུས་ན་ནམ་ཡང་འོད་ལྷམ་མེར་བཞུགས་པའི་༧པཎ་ཆེན་ སྐུ་ཕྲེང་བཅུ་བ་མཆོག་གིས། བོད་ཡིག་ལ་གང་བྱུང་ལེགས་ཉེས་དབྱེ་ཁུལ་གྱིས། བོད་ཡིག་ལ་ཐ་སྙད་གསར་བས་མི་འདང་བར་ཁ་གཡར་ནས་བོད་ཡིག་ནི་སྐད་ཡིག་ཞན་གྲས་ཤིག་ ཡིན་པ་དང་། བརྡ་དོན་བརྒྱུད་སྤྲོད་ཀྱི་ནུས་པ་ཞན་པོ་ཡོད་པ་རེད་ཅེས་འཁྱོག་བཤད་བྱས་ནས་བོད་ ཡིག་གི་མཚན་མཐོང་ལ་དམའ་འབེབས་བྱེད་ཀྱིན་ཡོད། བོད་ཡིག་ལ་ཐ་སྙད་གསར་བས་མི་འདང་བ་དོན་དངོས་ཡིན་ཀྱང་། འཇིག་རྟེན་ཐོག་སྐད་ཡིག་གང་འདྲ་ཞིག་ཡིན་ན་ཡང་། ཐོག་མ་ནས་ཕུན་ཚོགས་དང་འདང་ངེས་ཡོད་པ་ཞིག་རྩ་བ་ནས་ཐོས་མ་མྱོང་ཞིང་། རྗེས་སུ་ཡང་མཐོང་དཀོན་པོ་རེད། དེར་བརྟེན་མིང་ཚིག་གིས་མི་འདང་བ་དེ་ཙམ་གྱིས་སྐད་ཡིག་ལ་དམའ་འབེབས་བྱེད་པ་ནི་ ཆེས་མི་འོས་པ་ཞིག་ཡིན་པ་མ་ཟད། མི་རིགས་ལ་བརྙས་བཅོས་མཐོང་ཆུང་བྱས་པ་ཞིག་ཀྱང་རེད། ད་ དུང་མི་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་བོད་ཡིག་ཤེས་ཚད་དམའ་དྲགས་ནས་གོ་བརྡ་མ་ ལོན་པ་དེ་ཡང་བོད་ཡིག་གི་ཞན་ཆར་འཛིན་བཞིན་ཡོད། མི་འདི་ཚོ་ལ་ངོ་ཚ་ཤེས་ཀྱི་མི་འདུག་ཨང་། ཞེས་གསུངས་པ་ནི་ཆོལ་གསུམ་གྱི་ཕལ་སྐད་ཁག་ཅིག་བོད་ཡིག་ནང་དུ་བཅུག་པ་དང་། ལྷག་དོན་དེང་སང་ཕྱི་ཕྱོགས་ནས་མཚར་ལོང་བྱུང་བའི་མཁས་བླུན་གཞན་སྐད་ཡིག་ལ་ འགྲམ་ཆུ་ལྡིང་བ་དང་རང་གི་སྐད་ཡིག་འདི་བེད་སྤྱོད་ མེད་པའི་ནུས་མེད་ཅིག་ངོས་བཟུང་སྟེ་བཟོ་བཅོས་གཏོང་དགོས་རབས་དང་། དབྱིན་ཇིའི་སྐད་ཡིག་དང་མཐུན་པར་བཅོས་དགོས་ཟེར་ནི་ཚོས་བཀའ་སློབ་འདིའི་དོན་ དུ་སོམས། ང་ཚོའི་བོད་ཡིག་གི་བྱེད་པོ་ཐོན་མིས་གསར་བཏོད་མཛད་པའི་བོད་ཡིག་གི་ཕྱི་མོ་ སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ། དེ་བཞིན་ལོ་རྒྱུས་ཐོག་མཁས་པ་ཚོས་བརྩམས་པའི་དག་ཡིག་དང་། ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རྣམས་ལ་བྱུང་རྒྱལ་དུ། དེ་དག་ནི་མི་འགྲིག་པ་དང་། འཐུས་ཚང་མེད་ལུགས་བརྗོད་ནས་རང་སྣང་གང་ཤར་དང་རང་ཉིད་མཁས་རློམ་གྱིས་བོད་ཡིག་ ལ་བསྒྱུར་བཅོས་བཏང་ནས། གོ་བདེ་ལ་དོན་ཟབ་པའི་བརྡ་སྤྲོད་ཀྱི་ནུས་པ་དེ་མེད་པར་སོང་ཡོད། དེར་མ་ཟད། ཀྲུང་དབྱང་དང་བོད་ལྗོངས་ཀྱིས་ད་དུང་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐད་དེ་བོད་ཀྱི་ སྤྱི་སྐད་ཡིག་ཏུ་བརྩིས་ནས་དག་ཡིག་དང་མི་མཐུན་པའི་ཁ་སྐད་རྣམས་རང་འདོད་ལྟར་ ཡིག་ཐོག་ཏུ་བྲིས་ཡོད། ཅེས་དང་། འདི་ལྟར་བོད་ཡིག་གི་གཅིག་གྱུར་རང་བཞིན་ཡང་བརླགས་པ་རེད། ངོ་ལོ་ཆིག་སྟོང་ལྷག་གི་རིང་སྔོན་བྱོན་མཁས་པ་ཁྲི་ཕྲག་གིས་འབད་འབུངས་ཀྱིས་ གསར་བཏོད་མཛད་དེ་ཤུལ་དུ་བཞག་པའི་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་བཅས་གང་ཐད་ནས་མི་དམན་པའི་བོད་ཡིག་དེ། རྒྱུ་མཚན་མེད་པར་ཝ་སྐྱེས་སེང་གེར་རློམ་མཁན་གྱིས་རང་འདོད་ལྟར་རྩེད་མོ་རྩེ་བ་ ནི་ཧ་ཅང་མ་འོས་པ་ཞིག་རེད། ཅེས་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཡང་ཡང་གསུངས་འདུག་ན། བོད་མི་དབྱིངས་ཀྱིས་ཁོང་གི་སྐུ་སྲོག་བོད་མི་རིགས་དང་བསྟན་སྲིད་ཀྱི་སླད་དུ་ ཕུལ་ཟིན་བ་མ་བརྗེད་པར་དྲན་པར་གྱིས། དེར་མ་ཟད་རྒྱལ་ཁབ་ཕྱི་ནང་མང་པོ་ཕེབས་ཤིང་རྣམ་དཔྱོད་ལ་འགྲན་ཟླ་བྲལ་བའི་མཁས་ དབང་དགེ་འདུན་ཆོས་ཀྱིས་ཀྱང་འདི་ལྟར། དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱིས་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་གོ་བརྡ་མི་འཕྲོད་པ་ཞིག་ འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ནས་སིལ་བུར་འཐོར་པའི་རྐྱེན་དུ་འགྲོ་བ་ ལགས། ཞེས་སྔོན་ནས་ཁོང་གིས་ལུང་བསྟན་ལྟ་བུའི་སྒོ་ནས་གསུངས་འདུག་ན། ང་ཚོས་ད་དུང་ལུང་ཚན་དང་ཆོལ་ཁའི་ཕལ་སྐད་སྤྱི་སྐད་དུ་རློམ་སྟེ་ཨུ་ཚུགས་རྒྱག་ མི་རུང་བ་དེ་རེད། གསལ་བཤད། གོང་ གི་བསམ་འཆར་འདི་དག་དེབ་གཟུགས་སོགས་སུ་འགོད་ཚེ། བགྲོ་གླེང་ཞིག་གི་སླད་དུ་མཁས་པའི་གསུང་དང་རང་གི་ལྟ་ཚུལ་ཁག་ཅིག་ཕྱོགས་གཅིག་ ཏུ་སྤུངས་པ་ཡིན་གྱི་ངས་བརྩམས་སོགས་ཀྱི་ཐ་སྙད་སྦྱོར་མི་རུང་ངོ་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།