20
Sat, Apr

ཨ་རིའི་སྲིད་འཛིན་ཌོན་ནམ་ཁྲུམ་ཕུ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༡་ཉིན། ཨ་རིའི་སྲིད་འཛིན་ཌོན་ནམ་ཁྲུམ་ཕུས་རྒྱ་ནག་ནས་ཨ་རིར་ཡོང་བའི་ཚོང་རྫས་ཐོག སླར་ཡང་བརྒྱ་ཆ་བཅུའི་ཁྲལ་སྤར་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་འདུག དེས་རྒྱ་ནག་གི་རྩེད་ཆས་རིགས་དང་ཀུ་ཤུ་རྟགས་ཅན་གྱི་ཚོང་རྫས་སོགས་ཀྱི་ཐོག་ཤུགས་རྐྱེན་ཐེབས་རྒྱུ་ཡིན་འདུག

དེ་ཡང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ལྟར་ན། གོང་ཚེས་ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཏོན་དུ་སྲིད་འཛིན་ཁྲུམ་ཕུ་ཡིས་རྒྱ་ནག་གི་ཚོང་རྫས་ཐོག་སླར་ཡང་བརྒྱ་ཆ་བཅུའི་ཁྲལ་སྤར་རྒྱུ་དང་། དེ་ནི་ཨ་སྒོར་ཐེར་འབུམ་༣༠༠་ཡི་ཁྲལ་ཡིན་པ་དང་། ལོ་འདིའི་ཟླ་༡༡་ཚེས་༡་ཉིན་ནས་ཚོང་ཁྲལ་དངོས་སུ་སྤར་རྒྱུ་ཡིན་འདུག

སྲིད་འཛིན་ཁྲུམ་ཕུ་ཡི་གསལ་བསྒྲགས་དེ་ནི། ཉིན་ཁ་ཤས་སྔོན་དུ་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གྲོས་མོལ་ཞིག་ཚོགས་རྗེས་བྱུང་ཡོད་པ་དང་། གྲོས་མོལ་དེར་གྲུབ་འབྲས་གང་ཡང་ཐོན་མེད་པ་རེད།

སྤྱིར་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་འདི་ལོའི་ཟླ་༦་པའི་ནང་སྟོབས་ཆེན་རྒྱལ་ཁབ་༢༠་ཡི་ཚོགས་འདུ་ཐོག་ཉི་ཧོང་ནང་ཐུག་སྐབས། སྲིད་འཛིན་ཞི་ཅིང་ཕིང་གིས་སྲིད་འཛིན་ཁྲུམ་ཕུ་ལ་རྒྱ་ནག་གིས་ཨ་རིའི་ཞིང་ལས་ཐོན་རྫས་ཉོ་རྒྱུ་ཡིན་པའི་སྐོར་བཤད་ཡོད་པ་དང་། ཐེངས་འདིའི་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གྲོས་མོལ་ཐོག རྒྱ་ནག་གིས་ཉོ་རྒྱུར་ཁས་ལེན་བྱས་མེད་པར་བརྟེན། ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་ཁས་ལེན་བྱས་པ་དེ་ལག་ལེན་དུ་མ་བསྟར་བར་ལན་སློག་བྱེད་པའི་ཁུལ་ཡིན་པ་མ་ཟད། ཁྲུམ་ཕུ་ཡིས་ཚོང་ཁྲལ་མུ་མཐུད་ནས་བརྒྱ་ཆ་༢༥་དང་དེ་ལས་མང་བར་སྤར་རྒྱུ་ཡིན་པའང་བསྒྲགས་འདུག

ཚོང་ཁྲལ་དེ་ཚོ་རྒྱ་ནག་ནས་ཨ་རིར་ཡོང་བའི་ཀུ་ཤུ་རྟགས་ཅན་གྱི་ཚོང་རྫས་དང་། གློག་ཆས་རིགས། འཇབ་ལྷམ། རྩེད་ཆས་རིགས་སོགས་ཀྱི་ཐོག་ལ་ཡིན་ཞིང་། དེས་ཨ་རིའི་ཉེར་སྤྱོད་པ་ཚོ་ལའང་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པར་བརྗོད་མཁན་འདུག

གཞན་ཡང་། ཨ་རི་ནང་བཙོང་བའི་རྩེད་ཆས་བརྒྱ་ཆ་༨༥་ནི། རྒྱ་ནག་ནས་ཡོང་གི་ཡོད་པ་དང་། དེ་ནི་དགོས་ངེས་ཅན་གྱི་ཅ་དངོས་མིན་ཙང་། རྒྱ་ནག་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པར་བརྗོད་མཁན་ཡང་འདུག

དེ་སྔོན། རྒྱ་ནག་ནི་ཨ་རིའི་ཞིང་ལས་ཐོན་རྫས་སྲན་དཀར་ཉོ་མཁན་ཚོང་ཤག་ཆེ་ཤོས་དེ་ཡིན་འདུག འོན་ཀྱང་། ཨ་རྒྱ་གཉིས་བར་ཚོང་དམག་བྱུང་བ་ནས་བཟུང་། ཨ་རིས་རྒྱ་ནག་གི་ཚོང་རྫས་ལ་ཁྲལ་སྤར་བ་བཞིན། རྒྱ་ནག་གིས་ཀྱང་འཁོན་ལན་སློག་ཆེད། ཨ་རིའི་ཞིང་ལས་ཐོན་རྫས་སྲན་དཀར་ལོ་སྔོན་མ་ལོ་ནས་ཉོ་མཚམས་བཞག་སྟེ། ཨ་རིའི་སྲན་དཀར་འདེབས་མཁན་གྱི་ཞིང་པར་ཤུགས་རྐྱེན་ངན་པ་ཐེབས་ཡོད་འདུག

ཉེ་ཆར། ཨ་རིའི་ནང་ཞིབ་འཇུག་སྙན་ཐོ་ཞིག་གི་ནང་ཨ་རྒྱ་གཉིས་ཀྱི་ཚོང་དམག་གི་རྐྱེན་པས། ཨ་རིའི་མི་མང་ལ་ཤུགས་རྐྱེན་ངན་པ་ཐེབས་པར་བརྗོད་ཡོད་ཀྱང་། སྲིད་འཛིན་ཁྲུམ་ཕུས་ཚོང་ཁྲལ་དེས་རྒྱ་ནག་ལ་ཤུགས་རྐྱེན་ཐེབས་ཡོད་པ་ལས་ཨ་རིར་ཤུགས་རྐྱེན་དེ་ཙམ་ཐེབས་མེད་སྐོར་བརྗོད་འདུག

དེ་བཞིན། ཨ་རྒྱ་གཉིས་བར་ཚོང་དམག་བྱུང་བ་ནས་བཟུང་། རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་ཁབ་ཁག་གི་ཁེ་ལས་མཉམ་འདུས་མང་པོ་ཞིག་རྒྱ་ནག་ནས་ཨ་ཤེ་ཡའི་རྒྱལ་ཁབ་གཞན་པའི་ནང་དུ་སྤོས་འགོ་བཙུགས་ཡོད་པ་དང་། རྒྱ་ནག་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་འདུག་པར་བརྗོད་འདུག