19
Fri, Apr

རྒྱ་གར་གྱི་ཆུའི་དཀའ་ངལ་དང་། མི་མང་གི་ངོ་རྒོལ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༦་ཚེས་༢༤་ཉིན་སྤེལ། རྒྱ་གར་རྒྱལ་ཡོངས་སུ་ཚ་གདུག་གི་རྐྱེན་པས་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། སྒོས་སུ་རྒྱ་གར་མངའ་སྡེ་ཅེན་ནེལ(Chennai)་ལ་འཐུང་ཆུ་རྫོགས་པའི་དཀའ་ངལ་ཤུགས་ཆེན་འབྱུང་བཞིན་ཡོད་འདུག དེའི་རྐྱེན་གྱིས་མི་མང་པོ་ཞིག་གིས་ཆུའི་ཆེད་དུ་འཁྲུག་འཛིང་དང་། གཞུང་ལ་ངོ་རྒོལ་བྱས་སྟབས་མ་མཐའ་ཡང་མི་༥༠༠་འཛིན་བཟུང་བྱས་ཡོད་འདུག

དེ་ཡང་། བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་མངའ་སྡེ་ཅེན་ནེལ་ལ་ད་ལོའི་ཆར་དུས་སྐབས་སུ་ཆར་བ་མང་པོ་འབབ་མ་ཐུབ་པའི་དབང་གིས། ད་ལྟར་ས་འོག་གི་ཆུ་མང་ཆེ་བ་སྐམ་ཡོད་པ་དང་། ས་འོག་གི་ཆུར་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པའི་མི་མང་ལ་ཆུའི་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་འདུག དེར་བརྟེན། མངའ་སྡེ་གཞན་ནས་འོར་འདྲེན་བྱེད་ཡོང་བའི་ཆུའི་ཐོག་ལ་མི་མང་ཕན་ཚུལ་བར་འཁྲུག་འཛིང་ཤོར་བཞིན་པར་མ་ཟད། སྐྱེལ་འདྲེན་རླངས་འཁོར་ཡང་ལམ་བར་དུ་བཅོམ་ནས་ཁ་ལོ་བར་རྡུང་རྡེག་བྱས་ཡོད་འདུག

ཅེན་ནེལ་ནང་དུ་ཡོད་པའི་ཆུ་མཛོད་ཆེ་ཤོས་བཞི་པོ་རྣམས་སྐམ་ལ་ཉེ་ཡོད་ཅིང་། ཆུའི་དཀའ་ངལ་བྱུང་དགོས་དོན་ནི། འཛིན་སྐྱོང་གིས་འཐུས་ཤོར་དང་ལྷོད་ཡངས་སུ་བཏང་བས་ཡིན་པར་བརྗོད་དེ། བདུན་ཕྲག་སྔོན་མར། ཅེན་ནེལ་གྱི་གྲོང་ཁྱེར་ཀོམ་བྷ་ཁྲི་རེ(Coimbatore)་ལ་ཡོད་པའི་ས་གནས་གཞུང་ལ་མི་མང་གིས་ངོ་རྒོལ་བྱས་པར་བརྟེན། མི་མང་༥༠༠་ལྷག་འཛིན་བཟུང་བྱས་ཡོད་འདུག

དེ་ཡང་། ཟླ་འདིའི་ཚེས་༢༢་ཉིན། ཅེན་ནེལ་གྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་གཉིས་པས(DMK)་མངའ་སྡེ་ཡོངས་ནས་ངོ་རྒོལ་བྱེད་རྒྱུ་ཡིན་པར་བསྒྲགས་ཡོད་ཅིང་། ཆབ་སྲིད་ཚོགས་པ་(DMK)ཡིས་གོ་སྒྲིག་འོག བུད་མེད་༩༠་གཙོས་པའི་ཁྱོན་ངོ་རྒོལ་བ་༢༥༠་ཞིག་གིས། པོ་ལ་ཆེ(Pollachi) དང་(Perianackenpalayam)་ནང་། ཆུའི་དཀའ་ངལ་འཕྲད་བཞིན་ཡོད་པ་ནི་ས་གནས་གཞུང་གིས་འཐུས་ཤོར་ཡིན་པར་བརྟེན། ས་གནས་འགོ་འཛིན་(S.P Velumani)དགོངས་ཞུ་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་བྱེད་འགོ་བརྩམས་ཡོད་འདུག

ས་གནས་ཁག་ཅིག་་ནས་ཟ་ཁང་དང་ལས་ཁུངས་སྒོ་བརྒྱབ་ཡོད་པ་དང་། སློབ་གྲྭའི་ནང་དུ་ཆུ་མེད་པར་བརྟེན་སློབ་ཕྲུག་རྣམས་ལ་དཀའ་ངལ་འཕྲད་བཞིན་ཡོད་པར་བརྗོད་འདུག

ཅེན་ནེལ་ནང་ཡོད་པའི་ཆུ་མཛོད་(Tanks)མང་པོ་ཞིག་ནི་སྒེར་དང་ཕྱུག་པོར་བདག་པ་དང་། མི་མང་ས་ཡ་མང་པོ་ཞིག་ས་འོག་ནས་ཐད་ཀར་ཡོང་བའི་ཆུར་བརྟེན་ཡོད་ཅིང་། ད་ཐེངས་ཆར་བ་དུས་ཐོག་ཏུ་མ་བབ་པའི་རྐྱེན་བཅས་ཀྱིས་མི་མང་ས་ཡ་མང་པོར་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

གཞན་ཡང་། རྒྱ་གར་ནང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐབས་འདིར། རྒྱ་གར་མ་ཌེ་ཡ་མངའ་སྡེ་(Madhya Pradesh)ཡིས་མིར་ཆུ་རེག་དགོས་པའི་ཐོབ་ཐང་གི་བཅའ་ཁྲིམས་(Water Rights Act)ཞིག་བཟོ་བཞིན་ཡོད་པ་དང་། དེ་རིང་སྟེ། ཚེས་༢༤་ཉིན་ལ་ཁྲིམས་འཆར་དེའི་སྐོར་ལ་ཚོགས་འདུ་འཚོགས་བཞིན་ཡོད་འདུག དེ་ནི་རྒྱ་གར་རྒྱལ་ཡོངས་ཀྱི་ནང་དུ་མིར་ཆུ་རེག་དགོས་པའི་ཐོབ་ཐང་གི་བཅའ་ཁྲིམས་བཟོ་མཁན་མངའ་སྡེ་ཐོག་མ་དེ་ཆགས་ཡོད་འདུག

མིར་ཆུ་རེག་དགོས་པའི་ཐོབ་ཐང་གི་བཅའ་ཁྲིམས་ནང་དུ། མི་རེར་ཉིན་རེར་ཆུ་ལི་ཁྲི་༥༥་དགོས་པ། ཆུ་བེད་སྤྱོད་ལེགས་པོ་བཏང་ནས་ཆུ་འཕྲོ་བརླག་ཏུ་གཏོང་མི་རུང་བ་སོགས་ཀྱི་སྐོར་ཡིན་འདུག