17
Mon, Jun
18 New Articles

ཧོང་ཀོང་མི་མང་གིས་ངོ་རྒོལ་བྱས་རྐྱེན་ཉེས་ཅན་གྲོས་འཆར་ཕྱིར་འགྱངས་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༦་ཚེས་༡༢་ཉིན། ཉེ་ཆར་རྒྱ་གཞུང་གིས་ཉེས་ཅན་རྩིས་སྤྲོད་བྱེད་དགོས་པའི་གྲོས་འཆར་ཤིག་བཟོ་བཞིན་ཡོད་པ་དེར་ཧོང་ཀོང་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་པའི་དབང་གིས། གྲོས་འཆར་དེའི་ཚོགས་འདུ་ཕྱིར་འགྱངས་བྱས་ཡོད་པ་དང་། དེ་ནི་མུ་མཐུད་ནས་ངོ་རྒོལ་དང་འཚེ་བ་མི་ཡོང་བའི་ཆེད་དུ་ཡིན་པར་བརྗོད་འདུག

དེ་ཡང་། ཟླ་འདིའི་ཚེས་༡༢་ཉིན། ཧོང་ཀོང་གི་ཁྲིམས་བཟོ་ལས་ཁུངས་ཀྱིས་ཉེས་ཅན་རྩིས་སྤྲོད་བྱེད་དགོས་པའི་གྲོས་འཆར་ཐོག་དེ་རིང་ཞོགས་པའི་ཆུ་ཚོད་༡༡་ལ་ཚོགས་འདུ་འཚོགས་རྒྱུར་གཏན་འཁེལ་ཡོད་རུང་། ངོ་རྒོལ་བ་ཚོས་ཁྲིམས་བཟོ་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་བྱེད་ཀྱི་ཡོད་སྟབས། གྲོས་འཆར་དེའི་ཐོག་ཚོགས་འདུ་འཚོགས་རྒྱུའི་དུས་ཚོད་ཕྱིར་འགྱངས་བྱས་ཡོད་འདུག ཧོང་ཀོང་ནང་ངོ་རྒོལ་བ་ཚོས་གཞུང་ལམ་མང་ཆེ་བ་བཀག་ནས་འགྲུལ་བཞུད་བྱེད་པ་ཁག་པོ་ཆགས་ཡོད་འདུག

གཞན་ཡང་། ཧོང་ཀོང་གི་ཁྲིམས་རྩོད་པ་ཞིག་གིས་བརྗོད་པ་ལྟར་ན། ཉེས་ཅན་རྩིས་སྤྲོད་བྱེད་དགོས་པའི་གྲོས་འཆར་གྱི་ཚོགས་འདུ་ཕྱིར་འགྱངས་བྱེད་དགོས་དོན་ནི། ངོ་རྒོལ་བ་ཚོས་གཞུང་ལམ་མང་ཆེ་ཤོས་བཀག་རྐྱེན་གྱིས་རེད། ངས་བལྟས་ན། མི་མང་གིས་མུ་མཐུད་ནས་ངོ་རྒོལ་དང་འཚེ་བ་མི་ཡོང་བའི་ཆེད་དུ། ཧོང་ཀོང་གཞུང་གིས་ངེས་པར་དུ་ཉེས་ཅན་རྩིས་སྤྲོད་བྱེད་དགོས་པའི་གྲོས་འཆར་དེ་ཕྱིར་འཐེན་བྱེད་དགོས་རེད་བསམས་གྱི་འདུག་ཅེས་བཤད་འདུག

ངོ་རྒོལ་བ་ལོ་ན་༡༨ཡིན་པའི་སུན་ནེ་ཆན་གྱིས། ང་རང་ཉིད་ཀྱི་རང་དབང་སྲུང་སྐྱོབ་ཆེད་དུ་ངོ་རྒོལ་བྱེད་པ་ཡོང་ཡིན་ལ། ཟླ་འདིའི་ཚེས་༩ཉིན་ལ་མི་མང་ས་ཡ་གཅིག་ལྷག་གིས་ཉེས་ཅན་རྩིས་སྤྲོད་བྱེད་དགོས་པའི་གྲོས་འཆར་ལ་ངོ་རྒོལ་བྱས་ཡོད་ཀྱང་། ཧོང་ཀོང་གཞུང་གིས་དེར་དོ་སྣང་དང་ཡ་ལན་བྱས་མེད་པ་རེད། ངོ་རྒོལ་དེ་འདྲ་བྱས་ཀྱང་། ཧོང་ཀོང་གཞུང་གིས་ད་དུང་ཡང་གྲོས་འཆར་དེ་ཁྲིམས་བཟོ་བར་འབད་ཀྱི་ཡོད་དུས། དེ་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་དང་། ང་ཚོ་ཧ་ཅང་གི་སེམས་ཤུགས་ཆགས་སོང་ལ་ཁོང་ཁྲོའང་ལངས་སོང་། དེར་བརྟེན། ང་ཚོ་འདིར་ངོ་རྒོལ་བྱེད་དུ་ཡོང་ཡིན། རང་ཉིད་ཀྱི་རང་དབང་སྲུང་སྐྱོབ་བྱེད་ཆེད་ཡོང་ཡིན། ཞེས་འགྲེལ་བརྗོད་བྱས་འདུག

ཡང་། ངོ་རྒོལ་བ་ལོ་ན་༢༣་ཡིན་པའི་སེམས་ཁམས་རིག་པའི་སློབ་མ་མར་ཁོ་ལེ་ཨང་གིས། ང་ཚོ་ནི་རྒྱ་ནག་མིན། ང་ཚོས་རང་ཉིད་ལ་སྲུང་སྐྱོང་བྱེད་ན་འདོད། གལ་སྲིད་ཉེས་ཅན་རྩིས་སྤྲོད་བྱེད་དགོས་པའི་གྲོས་འཆར་དེ་ཁྲིམས་སུ་ཆགས་པ་ཡིན་ན། དེ་ནི་ཧོང་ཀོང་དང་རྒྱ་ནག་གཉིས་བར་ཁྱད་པ་གང་ཡང་མེད། དེར་བརྟེན། ང་ཚོས་གྲོས་འཆར་དེར་ངོ་རྒོལ་བྱེད་དུ་ཡོང་ཡིན། ང་ཚོ་ནི་ཧོང་ཀོང་གི་མི་ཡིན། ཉེན་རྟོག་པ་ཚོས་རང་ཉིད་ཀྱི་མི་སེར་དང་ཁ་གཏད་དུ་ལངས་མི་རུང་། ཉེན་རྟོག་པས་ངེས་པར་དུ་མི་མང་ལ་སྲུང་སྐྱོབ་བྱེད་དགོས་པ་ལས་གཞུང་ལ་སྲུང་སྐྱོབ་བྱེད་མི་རུང་ཞེས་བརྗོད་འདུག

ངོ་རྒོལ་དེ་མུ་མཐུད་ནས་ཤུགས་ཆེན་དུ་འགྲོ་བཞིན་ཡོད་ཅིང་། ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་ཚོར་གཡར་མའི་ཟེགས་མདའ་གཏོར་གྱི་ཡོད་ཀྱང་། ངོ་རྒོལ་བྱེད་མཁན་མང་ཆེ་བས་དང་ཐོག་ནས་ངོ་འབག་གྱོན་ཡོད་པས་ཁོ་ཚོར་གནོད་སྐྱོན་བྱུང་ཡོད་མི་འདུག

 

གསལ་བསྒྲགས་ཀྱི་ས་མིག