18
Thu, Apr

༢༠༡༩ལོའི་ཟླ་ ༣ ཚེས་ ༡༣ ཉིན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་ལ་ཟུར་ཚོགས་ཤིག་བསྐོང་ཚོགས་གནང་བཞིན་པ། པར། བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་ ༣ ཚེས་ ༡༣ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༠ འཚོགས་བཞིན་པའི་སྐབས་དང་བསྟུན་ནས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་ལ་ཟུར་ཚོགས་ཤིག་བསྐོང་ཚོགས་གནང་སྟེ། རྒྱ་གཞུང་གིས་བོད་ནང་དུ་ཆོས་ལུགས་དད་མོས་བཀག་སྡོམ། འགྲོ་སྐྱོད་རང་དབང་བཀག་སྡོམ་བྱེད་ཀྱིན་ཡོད་པ་སོགས་ཀྱི་སྐོར་ནས་གཏམ་བཤད་དང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་འདུག

དེ་ཡང་སྐབས་དེར། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འབྲེལ་ཡོད་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས། དངོས་བྱུང་གློག་བརྙན་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་བཅས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐབ་ཀྱི་གནས་སྟངས་སྐོར་ནས་གཏམ་བཤད་གནང་འདུག

རྒྱལ་ཚོགས་ནང་ཚོགས་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཟུར་ཚོགས་དེའི་ཐོག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འབྲེལ་ཡོད་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་རྣམ་གཉིས་ཀྱིས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དང་། རྒྱ་ནག་གི་འགོ་ཁྲིད་ཚོས་བོད་མི་རྣམས་ནས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ནང་པའི་བླ་སྤྲུལ་རྣམ་པའི་སྐུ་པར་ལ་ཕྱག་འཚལ་བ་དང་། མཆོད་པ་འབུལ་རྒྱུ་རིགས་མཚམས་འཇོག་བྱས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཙོ་གྱུར་འགོ་ཁྲིད་རྣམས་ཀྱི་འདྲ་པར་ལ་ཕྱག་འཚལ་དགོས་པའི་བཀའ་རྒྱ་བཏང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།

དེ་བཞིན་དུ། སྐབས་དེར་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འབྲེལ་ཡོད་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོད་ནང་གི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་སྟབས། རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་གཏོང་བཞིན་ཡོད་སྐོར་བརྗོད་བཞིན་པ་དེ་དག་སྟོང་བཤད་ཁོ་ན་རེད་ཅེས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་བ་དང། དེ་བཞིན་ཕྱི་ལོ་ ༡༩༩༤ ལོ་ནས་བཟུང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་མི་སྣ་བོད་ནང་ཕེབས་ཐུབ་མེད་པ་ལུང་འདྲེན་དང་འབྲེལ་རྒྱ་ནག་གཞུང་ནས་བོད་ནང་འགྲོ་སྐྱོད་ཀྱི་རང་དབང་སྤྲོད་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་འདུག

ད་དུང་། ཚོགས་ཐོག་དེར་ཆབ་སྲིད་བཙོན་ཟུར་དང་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་སྤྱི་དང་། ལྷག་པར་ཁོང་རང་ཉིད་རྒྱའི་བཙོན་ཁང་ནང་ལུས་སེམས་གཉིས་ཀྱི་མནར་གཅོད་མྱངས་པའི་སྐོར་སྙན་སེང་ཡང་ཞུས་འདུག