19
Fri, Apr

༸གོང་ས་མཆོག་འཛམ་གླིང་གི་ཆོས་ཀྱི་དབུ་ཁྲིད་གསུམ་པར་བདམས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༢་ཚེས་༢༦་ཉིན་སྤེལ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཨང་གསུམ་པ་དེ་བདམས་ཡོད་པ་དང་། ཨང་དང་པོ་ཡི་ཤུའི་ཆོས་དཔོན་ཧྤ་རན་སེ་སུ(Pope Francis) མཆོག་དང་། གཉིས་པ་ཨ་རིའི་བུད་མེད་གྲགས་ཅན་ཨོ་པི་ར་ཝིན་ཧྥེ་རེ་(Oprah Winfrey)་བཅས་ཡིན་འདུག

དེ་ཡང་ཝ་ཁྲི་ཀིན་སུ(Watkins) ཞེས་པའི་དུས་དེབ་ཀྱི་ནང་ཆོས་ལུགས་དང་། སློབ་སྟོན་པ། ལས་འགུལ་བ། རྩོམ་པ་པོ། བསམ་བློ་བ་སོགས་འཛམ་གླིང་ནང་ཆེས་ཤུགས་རྐྱེན་ལྡན་པའི་སྐྱེས་བུ་སྐུ་འཚོ་བཞུགས་ཡོད་པ་བརྒྱའི་མཚན་གཞུང་ཞིག་འདོན་སྤེལ་གནང་ཡོད་པ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨང་རིམ་མཐོ་ཤོས་གསུམ་པར་མཚན་འདོན་ཞུས་པ་དང་། འཛམ་གླིང་ནང་གི་གྲགས་ཅན་མི་སྣ་༡༠༠འི་ཁོངས་སུ་ཨང་དང་པོ་ཡི་ཤུའི་ཆོས་དཔོན་ཧྥ་རན་སེ་སུ (Pope Francis)མཆོག་དང་། ཨང་གཉིས་པ་ཨོ་པི་ར་ཝིན་ཧྥེ་རེ་(Oprah Winfrey)། ཨང་གསུམ་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན་འདུག

གཞན་ཡང་༸གོང་ས་མཆོག་གི་གྲོགས་པོ་བཟང་པོ་ཨ་ཧྤི་རིའི་ཁའི་དབུ་ཁྲིད་སྒྲད་སུ་མོན་ཏོ་ཏོ་(Desmond Tutu) མཆོག་ཀྱང་མཚན་གཞུང་གི་ནང་དུ་ཡོད་འདུག མཚན་གཞུང་དེ་དངོས་སུ་ཟླ་༢པའི་ཟླ་མཇུག་གྱི་དུས་དེབ་འདོན་ཐེངས་ཨང་༥༧པའི་ནང་པར་སྐྲུན་འགྲེམས་སྤེལ་ཞུ་ཡི་ཡོད་པ་རེད།

ཝ་ཁྲི་ཀིན་སུ (Watkins) དུས་དེབ་དེའི་ནང་དུ་ཆེས་སྙན་གྲགས་དང་ཆོས་ཕྱོགས་ཀྱི་ཤུགས་རྐྱེན་ལྡན་པའི་མི་སྣའི་ཐོ་གཞུང་ཁོངས་སུ་ཐོན་པར་ཆ་རྐྱེན་གསུམ་དགོས་པ་སྟེ། གཅིག་ནི་མི་སྣ་གང་དེ་སྐུ་འཚོ་བཞུགས་ཡིན་པ། གཉིས་ནི་འཛམ་གླིང་ཁྱོན་ལ་དམིགས་བསལ་ཆོས་ཕྱོགས་ཀྱི་ལེགས་སྐྱེས་ནུས་ལྡན་འབུལ་མཁན་དང་། གསུམ་ནི་དྲ་རྒྱའི་བརྒྱུད་ལམ་ཐོག་འཛམ་གླིང་ཁྱོན་ནས་བལྟ་བཤེར་དོ་སྣང་ཞུ་ཡུལ་ཐོག་དྲ་ལམ་ངོ་སྤྲོད་ཝེ་ཀེ་པི་སྒྲེ་ཡ(Wikipedia)ནང་དུ་ལོ་རྒྱུས་ཡོད་པ་བཅས་དགོས་འདུག

སྤྱིར་དབྱིན་ཇིའི་རྒྱལ་ས་ལཎ་ཌན་དུ་རྟེན་གཞི་བྱས་པའི་ཝ་ཁྲི་ཀིན་སུ་(Watkins) དཔེ་དེབ་ཁང་གི་ངོས་ནས་ཆོས་ཕྱོགས་དང་བསམ་བློའི་བཅོས་སྒྱུར་སོགས་ཀྱི་ཐད་འདས་པའི་ལོ་༡༢༠རིང་དུ་བློ་སྤོབས་སྐྲུན་པའི་ལས་གཞི་སྤེལ་ཡོད་པ་དང།ཤོག་གྲངས་༡༦ཅན་གྱི་དུས་དེབ་དེའི་ནང་དུ་ཆེས་སྙན་གྲགས་ཆེ་བའི་མི་སྣ་དེ་དག་གི་བྱས་རྗེས་།འདྲ་པར།མཛད་རྣམ་ལོ་རྒྱུས་སོགས་འདོན་སྤེལ་གནང་གི་ཡོད་པ་རེད།