19
Fri, Apr

རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་ཨེ་ཤེ་ཡའི་ནང་དཀའ་ངལ་འཕྲད་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༢ཚེས་༡༣ཉིན་སྤེལ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་ཨེ་ཤེ་ཡའི་རྒྱལ་ཁབ་ཁ་ཤས་ནང་ངོ་རྒོལ་དང་སྐྱོན་བརྗོད་བྱས་ཡོད་པ་དང་། སིང་གྷ་ལ་དང་མལ་ཌི་ཧྥོ་སུ་(Maldives)བཅས་ལ་རྒྱ་ནག་དང་འབྲེལ་བའི་བུ་ལོན་གྱི་ཐད་ནས་དཀའ་ངལ་འཕྲད་ཀྱིན་ཡོད་པ་དང་། བྷན་ལ་ཌེ་ཞི་ཡིས་རྒྱ་ནག་གི་བུ་ལོན་གཡོར་བར་དོགས་ཟོན་བྱེད་ནས་བསྡད་ཡོད་འདུག

དེ་ཡང་། རྒྱ་ནག་གིས་ཐེངས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུ་སྐོང་འཚོགས་བྱེད་ལ་ཉེ་བའི་དུས་འདིར། པ་ཀི་སི་ཐན་(Pakistan)ནང་གི་བྷི་ལོ་ཆི་སི་ཐན་(Balochistan)དང་བྷོ་ལོ་ཆི་(Baloch) ཡི་ཆབ་སྲིད་ཚོགས་པས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་ངོ་རྒོལ་བྱས་ཡོད་པ་དང་། བྷི་ལོ་ཆི་སི་ཐན་ནང་གི་སྤྱི་ཁྱབ་བློན་ཆེན་གྱིས་ས་ཁུལ་དེའི་ནང་ཁྲིམས་བཅོས་སྒྱུར་བྱས་ནས་རྒྱ་ནག་གི་ཁེ་ལས་མཉམ་འདུས་ཁག་གི་ཚོང་རྫས་ལ་བཀག་རྒྱ་བྱས་འདུག

དེ་བཞིན་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་སིང་གྷ་ལར་རྒྱ་ནག་གི་དཔལ་འབྱོར་གྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་མ་ཟད། ད་དུང་སྲིད་ཕྱོགས་ནས་ཀྱང་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྟབས། སིོང་གྷ་ལ་གཞུང་གིས་དབང་ཆ་གཞན་བེད་སྤྱོད་བྱས་ཏེ་རྒྱལ་ཁབ་དེའི་ཕྱི་འབྲེལ་སྲིད་ཇུས་ཆ་སྙོམས་བྱེད་ཐུབ་ཐབས་བྱེད་བཞིན་ཡོད་པ་རེད། གཞན་ཡང་། རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱུད་གཅིག་ལམ་གཅིག་སྲིད་ཇུས་འོག་ནས། བྷན་ལ་ཌེ་ཞི་ལ་ཡང་ཨ་སྒོར་ཐེར་འབུམ་༢༥་བུ་ལོན་གཡོར་བའི་ཁས་ལེན་བྱས་ཡོད་ཀྱང་། བྷན་ལ་ཌེ་ཞི་ཡིས་བུ་ལོན་དེ་ལེན་དགོས་མིན་ཐོག་ལ་དོགས་ཟོན་བྱེད་ནས་བསྡད་ཡོད་འདུག

རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་མ་ཌི་ཧྥོ་སུ་(Maldives)ནང་རྒྱལ་སྤྱིའི་སྨན་ཁང་དང་གཞུང་ལམ། ཟམ་ཆེན་བཅས་འཛུགས་སྐྲུན་བྱས་ཡོད་པ་རྣམས་ནི་རྒྱ་ནག་གིས་འགྲོ་སོང་བཏང་ཡོད་པ་དང་། ཡར་རྒྱས་དེ་ཚོའི་ཆེད་དུ་ཁྱོན་ཨ་སྒོར་ཐེར་འབུམ་༩.༢་ཀྱི་རྒྱ་ནག་ལ་བུ་ལོན་བཟོས་ཡོད་འདུག རྒྱ་ནག་གི་གཡར་དངུལ་གྱི་མཛའ་ནི་བརྒྱ་ཆ་༦་ཡིན་པ་དང་དེ་ནི་ཧ་ཅང་མཐོ་བའི་མཛའ་ཡིན་པར་བརྗོད་འདུག

རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཤུགས་རྐྱེན་ནི་ཁྱོན་རྒྱལ་ཁབ་༡༡༥་ལ་ཐེབས་ཡོད་འདུག འོན་ཀྱང་། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་རྒྱུད་ནས་ཨེ་ཤེ་ཡ་དང་ཨ་ཧྥི་རི་ཁའི་ནང་ལ་དཔལ་འབྱོར་གྱི་ཁེ་ཕན་སྒྲུབ་ཀྱིན་ཡོད་པ་ཁོ་ན་མ་ཡིན་པར། ད་དུང་ཆབ་སྲིད་ཀྱི་ཤུགས་རྐྱེན་ཡང་ཐེབས་ཐབས་བྱེད་བཞིན་པར་སྐྱོན་བརྗོད་བྱེད་མཁན་མང་རུ་འགྲོ་བཞིན་ཡོད་འདུག