26
Wed, Jun
23 New Articles

སྲིད་སྐྱོང་མཆོག་གིས་ཉི་ཧོང་ནང་བོད་དོན་རྒྱབ་སྐྱོར་བ་དང་ཐུག་འཕྲད་གནང་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༡ ཚེས་༢༦ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ནང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་བ་སོགས་ལ་ཐུག་འཕྲད་གནང་ནས་བོད་དོན་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་དང་རྒྱ་ནག་ལ་བོད་རྒྱ་གྲོས་མོལ་ཡོང་བར་སྐུལ་མ་གནང་དགོས་པའི་ཉི་ཧོང་གཞུང་ལ་རེ་སྐུལ་ཞུས་གནང་འདུག

དེ་ཡང་སྲིད་སྐྱོང་མཆོག་གིས་ཐུག་འཕྲད་དེའི་ཐོག་གསུང་དོན། ངས་འདས་པའི་ལོ་ངོ་བདུན་རིང་བོད་ནང་གནས་ཚུལ་ཐབས་སྡུག་བྱུང་བ་དེ་ཁྱེད་རང་ཚོ་ལའང་དེ་ལྟ་བུ་འབྱུང་སྲིད་པ་རེད་ཅེས་ཞུ་རྒྱུ་བྱུང་། ཡུ་རོབ་དང་། ལ་ཊིན་ཨ་མི་རི་ཁ། ལྷོ་ཨ་མི་རི་ཁ། ཨོ་སི་ཊི་ལི་ཡ་བཅས་ཀྱི་འགོ་ཁྲིད་ཚོས་སོ་སོ་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་། རིག་གཞུང་། ཆབ་སྲིད་ལས་དོན་སོགས་ཀྱི་ནང་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད། ཅེག་སྤྱི་མཐུན་རྒྱལ་ཁབ་ Czech Republic ནི་རྒྱལ་ཁབ་ཆུང་ཆུང་ཞིག་རེད། རྒྱ་ནག་གི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ལུང་པ་དེའི་མཐོ་སློབ་དང་། ཚོང་ལས། ཆབ་སྲིད་ལས་དོན་སོགས་ཀྱི་ནང་ཡོང་བཞིན་པའི་དཀའ་ངལ་འཕྲད་ཀྱི་ཡོད།

ཁོང་གིས་མུ་མཐུད་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་གི་ཤུགས་རྐྱེན་ལ་ཁ་གཏད་ཀྱིས་གྲོས་ཚོགས་འཐུས་མི་ ༥༡ ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་པ་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་ཡུ་རོབ་ནང་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད། དེ་བཞིན་ཨོ་སི་ཊི་ལི་ཡའི་ནང་ཐེངས་དང་པོ་གཞུང་གི་བཀའ་བློན་རྣམ་པ་དང་། ཆབ་སྲིད་ཚོགས་པའི་འགོ་ཁྲིད་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་ཨོ་སི་ཊི་ལི་ཡའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ཕེབས་ཡོད། ཁེ་ན་ཌའི་གཞུང་གིས་ཀྱང་དེ་ལྟར་གནང་ཡོད། ཅེས་གསུངས་།

དེ་སྔོན་ཨ་རི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འགྲོ་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་དངོས་སུ་ཁྲིམས་ཆགས་པའི་སྐོར་ནས་སྲིད་སྐྱོང་མཆོག་གིས་བརྗོད་དོན། བོད་ནང་ཕར་འགྲོ་ཚུར་འགྲོ་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ Reciprocal Access to Tibet Act ལ་ཨ་རི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་པ་དེ་ནི་ཧ་ཅང་གནད་འགག་ཅིག་ཆགས་ཡོད། དེའི་རྒྱུ་མཚན་ནི་བོད་ནི་ཨ་རི་གཞུང་གི་གཞུང་འབྲེལ་གྱི་སྲིད་བྱུས་ཤིག་ཆགས་ཡོད།

དེ་ནས་སྲིད་སྐྱོང་མཆོག་གིས་ཉི་ཧོང་ནི་བོད་དོན་རྒྱབ་སྐྱོར་བ་གལ་ཆེན་ཞིག་ཡིན་པ་དང་བོད་རྒྱ་གྲོས་མོལ་ཡོང་བར་ཉི་ཧོང་གཞུང་གིས་རྒྱ་གཞུང་ལ་སྐུལ་མ་གནང་དགོས་སྐོར་གསུང་དོན། འཛམ་གླིང་ཐོག་ཉི་ཧོང་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་གསར་འཛུགས་གནང་བར་ཐུགས་རྗེ་ཆེ་ཞུ་གནང་བ་དང་འབྲེལ། ཉི་ཧོང་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་དགོས་པའི་རེ་སྐུལ་དང་། ཕྱོགས་མཚུངས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་ཡོང་བར་སྐུལ་མ་གནང་དགོས་པའི་ཉི་ཧོང་གཞུང་ལ་རེ་སྐུལ་ཞུས་གནང་ཡོད་པ་རེད།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་བ་རྣམས་ཀྱིས་བོད་དོན་དང་། དྲང་བདེན། རང་དབང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་རེ་སྐུལ་ཞུས་པ་དང་སྦྲགས། ཉི་ཧོང་ནང་གནས་སྡོད་བོད་རིགས་དང་ཉི་ཧོང་བ་ཚོས་བོད་དོན་དེ་བཞིན་སྤྱི་ཚོགས་དྲ་རྒྱའི་སྟེང་གོ་རྟོགས་སྤེལ་རྒྱུ་དང་། ཉི་ཧོང་གི་མཐོ་སློབ་ཁག་གི་རྒྱ་རིགས་དགེ་རྒན་དང་སློབ་མ། ཤེས་ཡོན་པ་སོགས་དང་ལྷན་བོད་དོན་གླེང་རྒྱུ། དེ་བཞིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐོག་མཉམ་ཞུགས་གནང་དགོས་པའི་སྐོར་ཡང་གསུངས་འདུག

ད་དུང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་ཞེས་བོད་ནང་ད་བར་བོད་མི་༡༥༣ གྱིས་རང་ལུས་མེར་སྲེག་བཏང་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་རང་ཡུལ་བོད་དང་ཁ་གྱེས་ནས་བཙན་བྱོལ་དུ་སླེབས་ནས་ཧ་ཅང་ལོ་མང་འགྲོ་བཞིན་ཡོད་པས། ད་ནི་རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་རང་ཡུལ་བོད་ལ་ཕེབས་འཇུག་དགོས་པའི་དུས་ལ་བབས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་འདུག

 

གསལ་བསྒྲགས་ཀྱི་ས་མིག