19
Fri, Apr
29 New Articles

ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཚོང་འབྲེལ་ཐོག་གྲོས་མོལ་བྱེད་བཞིན་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ༡ཚེས་༡༠ཉིན། ཨ་རི་དང་རྒྱ་ནག་གཉིས་ཀྱི་སྐུ་ཚབ་དག་གིས་ཉིན་གསུམ་རིང་གི་ཚོང་འབྲེལ་གྲོས་མོལ་དེ་རྒྱ་ནག་རྒྱལ་ས་པེ་ཅིང་དུ་འཚོགས་བཞིན་ཡོད་འདུག གྲོས་མོལ་དེ་ནི་སྟོབས་ཆེན་རྒྱལ་ཁབ་གཉིས་བར་ཚོང་དམག་རྒྱག་བཞིན་པ་དེའི་གནོད་སྐྱོན་ཉུང་རུ་གཏོང་ཐབས་དང་དཀའ་ངལ་སེལ་ཐབས་ཀྱི་ལམ་ཞིག་འཚོལ་ཆེད་དུ་འཚོགས་པ་ཞིག་ཡིན་འདུག

དེ་ཡང་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་གྲོས་མོལ་དེ་ཁ་སང་ནས་ཚོགས་ཡོད་པ་དང་། ཨ་རིའི་ཚོང་འབྲེལ་སྐུ་ཚབ་ཀྱིས་བརྗོད་དོན། རྒྱ་ནག་གིས་ཨ་རི་ནས་ཞིང་ལས་ཐོན་རྫས་དང་སྣུམ།དེ་བཞིན་ཅ་དངོས་དང་ཐོན་ཟོག་གཞན་སོགས་ཉོ་འཆར་ཡོད་པའི་ཐོག་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པ་ལས་ཁ་གསལ་བོ་ག་ཡང་བརྗོད་མེད་པ་རེད། ཨ་རི་གཞུང་ངོས་ནས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་ག་འདྲ་ཞིག་ཡིན་ན་ཡང་བདེན་པ་ཁུངས་སྐྱེལ་དང་ཕན་གནོད་འབྲེལ་བའི་ལག་བསྟར་བྱེད་དགོས་པ་ནན་བརྗོད་བྱས་ཡོད་འདུག

ཨ་རི་ཕྱོགས་ཀྱི་བསྒྲགས་གཏམ་ནང་དུ་ཨ་རི་ངོས་ནས་རྒྱ་ནག་གིས་ཚོང་འབྲེལ་གསང་དབང་རྐུ་བརྒྱབ་པ་དང་བཙན་གྱིས་བཟོ་ལས་འཕྲུལ་ཆས་སོགས་བརྗེ་སྒྱུར་བྱེད་བཅུག་པ་སོགས་ཀྱི་སྐོར་སེམས་འཚབ་ཅི་ཙམ་ཡོད་པ་གསལ་ཁ་གང་ཡང་བརྗོད་མི་འདུག

སྐུ་ཚབ་རྣམས་ཀྱིས་རྒྱ་ནག་ཕྱོགས་ནས་ཨ་རིའི་ཐོན་རྫས་ཉོ་བའི་སྐོར་ནས་གྲོས་མོལ་བྱེད་རྒྱུ་དང་། གཞན་ཡང་རྒྱལ་ཁབ་གཉིས་བར་ཟླ་ཁ་ཤས་རིང་དུ་ཚོང་དམག་བརྒྱབ་རྗེས། ཚོང་འབྲེལ་ཐོག་ཡིད་ཆེས་སླེབས་ཆེད་ཨ་རིའི་ཚོང་སྡེ་དེ་ཚོ་ཁྲོམ་རའི་ཐོག་འཛུལ་ཞུགས་མང་ཙམ་བྱེད་དུ་འཇུག་དགོས་པའི་སྐོར་བརྗོད་འདུག རྒྱ་ནག་ཕྱོགས་ཀྱི་བསྒྲགས་གཏམ་ནང་དུ་ཚོང་འབྲེལ་གྱི་གྲོས་མོལ་དེས་ཕྱོགས་གཉིས་ཀའི་གོ་རྟོགས་ཡར་རྒྱས་དང་ཐུན་མོང་གི་སེམས་ཁུར་བྱེད་བཞིན་པའི་དཀའ་རྙོག་སེལ་བའི་རྨང་གཞི་བསྐྲུན་སོང་ཞེས་བརྗོད་འདུག

ཐེངས་འདིའི་ཚོང་འབྲེལ་ཚོགས་འདུ་དེ་ནི་ཨ་རི་སྲིད་འཛིན་ཁྲོམ་ཕུ་དང་རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་གཉིས་ཟླ་སྔོན་མའི་ནང་རྒྱལ་ཁབ་ཨར་ཇན་ཁྲི་ན(Argentina)་ནང་སྟོབས་ཆེན་རྒྱལ་ཁབ་༢༠(G20)ཡི་ཚོགས་ཆེན་ཐོག་ཐུག་འཕྲད་བྱུང་རྗེས། གནས་སྐབས་རིང་ཚོང་དམག་མཚམས་འཇོག་བྱེད་པ་ལ་མོས་མཐུན་བྱུང་རྗེས་ཀྱི་གཞུང་འབྲེལ་ཚོང་འབྲེལ་ཚོགས་འདུ་ཐེངས་དང་པོ་དེ་ཡིན་འདུག

ཚོང་འབྲེལ་གྲོས་མོལ་འདི་ནི་རྒྱལ་ཁབ་གཉིས་བར་གྲོས་མོལ་ལམ་ནས་འདི་ལོའི་ཟླ་གསུམ་པའི་ཚེས་༢་སྔོན་ཡག་པོ་ཡོང་ཐུབ་མིན་གྱི་བརྟག་དཔྱད་ཞིག་ཡིན་འདུག་པ་དང་། ཟླ་གསུམ་པ་ནས་ཨ་རི་ཁྲོམ་ཕུ་སྲིད་གཞུང་གིས་ཨ་སྒོར་ཐེར་འབུམ་༢༠༠་ཡི་རྒྱ་ནག་གི་ཅ་དངོས་ཐོག་ལ་ཁྲལ་སྤར་འཆར་ཡོད་པ་དང་། དེ་ནི་ཁྲལ་བརྒྱ་ཆ་༡༠་ནས་༢༥བར་ཁྲལ་འཕེལ་བ་ཞིག་ཡིན་འདུག དེ་འདྲའི་གྲོས་འཆར་བཏོན་པ་དེས་རྒྱལ་ཁབ་གཉིས་བར་ཚོང་དམག་ཡུན་རིང་པོ་རྒྱག་སྲིད་པ་དང་ཕན་ཚུན་གཉིས་ཀ་ལ་ཤུགས་རྐྱེན་ཐེབས་སྲིད་པར་བརྗོད་ཀྱི་འདུག

གྲོས་མོལ་དེ་ཉིན་གསུམ་རིང་ཕར་འགྱངས་བྱས་ཡོད་པ་དང་། གྲོས་མོལ་དེ་ནི་བཟང་ཕྱོགས་ཞིག་ཏུ་འགྲོ་བཞིན་ཡོད་པར་བརྗོད་འདུག ཨ་རིའི་སྲིད་འཛིན་ཁྲོམ་ཕུའི་ཁྲི་ཁྲུད(Tweet)ཐོག་ཏུ་རྒྱ་ནག་དང་གྲོས་མོལ་ཧ་ཅང་ཡག་པོ་འགྲོ་བཞིན་འདུག་ཅེས་བཀོད་འདུག

 

གསལ་བསྒྲགས་ཀྱི་ས་མིག