20
Sat, Apr

༢༠༡༨ལོའི་ཟླ་༡༢་ཚེས་༢༥ཉིན་ཨི་རག་གཞུང་ནས་ཡི་ཤུའི་འཁྲུངས་སྐར་དུས་ཆེན་དེ་རྒྱལ་ཡོངས་གུང་གསེང་ཉིན་མོར་བཟོས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༢་ཚེས་༢༦ཉིན་སྤེལ། ཨི་རག་(Iraq)འཛིན་སྐྱོང་ལས་ཁུངས་ཀྱིས་ཡི་ཤུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་དེར་རྒྱལ་ཡོངས་གུང་གསེང་གཏོང་བའི་ཁྲིམས་ཞིག་ཟླ་འདི་ཚེས་༢༥་ཉིན་ཡི་ཤུའི་འཁྲུངས་སྐར་དུས་ཆེན་ཉིན་ལ་ངོས་ལེན་བྱས་ཡོད་འདུག

དེ་ཡང་། ཨི་རག་འཛིན་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཡོངས་གུང་གསེང་ཉིན་མོའི་ཁྲིམས་རྣམས་བཅོས་བསྒྱུར་བྱེད་རྒྱུར་འོས་ཤོག་བླུགས་ཏེ། ཡི་ཤུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་དེར། ཡི་ཤུ་ཆོས་བྱེད་མཁན་ཁོ་ནར་གུང་གསེང་གཏོང་བ་མིན་པར། ཨི་རག་རྒྱལ་ཡོངས་ཀྱི་མི་སར་ཚང་མར་གུང་གསེང་གཏོང་རྒྱུ་ཡིན་པར་བཟོས་འདུག

ད་དུང་། ཨི་རག་གཞུང་གི་ཁྲིའུ་ཁྲི་(Twitter)ཐོག་ལ་ཡི་ཤུའི་འཁྲུངས་སྐར་དུས་ཆེན་ཉིན་མོར་འདི་ལྟར་སྨོན་ཚིག་ཅིག་ཞུས་འདུག ང་ཚོའི་མི་སེར་ཡི་ཤུ་པ་དང་ འཛམ་གླིང་ས་ཕྱོགས་གང་དུ་ཡི་ཤུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་སྲུང་བརྩི་བྱེད་མཁན་ཚང་མར་ཡི་ཤུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་སྤྲོ་བ་ཡོང་བར་ཤོག་ཅེས་བཀོད་འདུག

༢༠༠༣ལོར། ཨ་རི་ཡིས་ཨི་རག་ཏུ་བཙན་འཛུལ་མ་བྱས་པའི་གོང་ལ། ཨི་རག་ནང་དུ་ཡི་ཤུ་པའི་མི་འབོར་ས་ཡ་༡.༤་ཡོད་འདུག འོན་ཀྱང་། ལོ་མང་པོ་ཞིག་གི་རིང་ལ། དམག་སྡེ་སྣ་ཚོགས་ཤིག་གི་དྲག་པོ་དང་བཙན་རྒོལ་གྱི་རྐྱེན་གྱིས་མི་མང་སྟོང་ཕྲག་མང་པོ་ཞིག་རྒྱལ་ཁབ་ནས་བྲོས་བྱོལ་དུ་ཕྱིན་རྗེས། ད་སྐབས་ཨི་རག་ཏུ་ཡོད་པའི་ཡི་ཤུ་པའི་མི་བོར་ནི་ཧ་ལམ་འབུམ་༣་ལས་མེད་པར་བརྗོད།

ཉེ་ཆར་གནས་ཚུལ་ཐོན་པ་ལྟར་ན། ཨི་རག་ནང་དུ་འཇིགས་སྐུལ་རིགས་ལུགས་པ་ཤུགས་ཆེ་རུ་སོང་ནས་ཡི་ཤུ་པ་ཚོ་བཙན་གྱིས་ཕྱིར་འབུད་བཏང་བ་དང་བསད་པ་སོགས་འབྱུང་གི་ཡོད་པར་བརྗོད་འདུག