20
Sat, Apr

༢༠༡༨ལོའི་ཟླ་ ༡༢ ཚེས་ ༢༥ ཉིན།་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བའི་ནང་སེར་སྐྱ་ཕོ་མོར་བཀའ་ཁྲིད་མཛད་བཞིན་པ། པར། ༸རྒྱལ་བ་རིན་པོ་ཆེ་དྲ་རྒྱ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་ ༡༢ ཚེས་ ༢༥ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བ་ནས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་ལེགས་པར་གྲུབ་རྗེས་དགེ་བསྙེན་གྱི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་ཆོག དེ་བཞིན་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་འཕྲོ་སྐྱོང་མཛད་ཡོད་པ་རེད།

དེ་ཡང་ཞོགས་པ་ཆུ་ཚོད་བརྒྱད་པ་ཙམ་ལ་དགའ་ལྡན་འཕེལ་རྒྱས་གླིང་ནས་དད་ལྡན་ཆོས་ཞུ་བ་ཁག་ཅིག་ལ་མཇལ་ཁ་སྩལ་རྗེས། དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། རྒྱ་གར་དང་ཐའེ། འབར་མ། ཅང་མ། བྷང་ལ་རྡེ་ཤཱི་སོགས་ཀྱི་གནས་བརྟན་སྡེ་བའི་དགེ་འདུན་པ་ཁག་གཅིག་གིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུངས་འདོན་གནང་བ་དང་། དེ་རྗེས་ཀོ་རི་ཡའི་དགེ་སློང་དང་བཙུན་མ་ཁག་གཅིག་དང་། ཝེ་དི་ནམ་གྱི་དགེ་འདུན་པ་དང་བཙུན་མ། མི་སྐྱ་ཕོ་མོ་ཁག་གཅིག་བཅས་ཀྱིས་སོ་སོའི་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། སྐབས་དེར་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

དེ་རིང་ཆོས་ཐུན་ཉིན་གཉིས་པ་རེད། ཁ་སང་ནས་འགོ་བཙུགས་ཏེ་ཉིན་བསྟུད་ནས་ཡོང་བ་ཡིན་ན་ཐང་ཆད་པ་ལྟ་བུ་འདུག དེར་བརྟེན། སེམས་བསྐྱེད་དེ་རིང་འདོན་གྱི་ཡིན། ལག་ལེན་སོ་བདུན་མ་རྒྱས་བསྡུས་ག་རེ་བྱས་བྱས་རེད། སང་ཉིན་འཇིགས་བྱེད་དཔའ་གཅིག་གི་དབང་དངོས་གཞི་སྟ་གོན་དང་སྦྲགས་ནས་བྱས་ན་ཚར་འགྲོ་གི་རེད། ཕལ་ཆེར་གནངས་ཉིན་བར་སེང་ཞིག་འཇོག་དགོས་པ་མིན་ནམ། གཞེས་ཉིན་ནས་འཇམ་དབྱངས་ཆོས་སྐོར་ཡིན།

ཁ་སང་ནས་པཱ་ལིའི་བཀྲ་ཤིས་པའི་མདོ་ཉིན་ལྟར་གསུངས་ཀྱི་ཡོད་པ་རེད། རྒྱ་སྐད་ཀྱི་ཐོག་ལའང་ཤེས་རབ་སྙིང་པོ་གསུངས་ནས་དེ་རིང་ཀོ་རི་ཡའི་སྐད་དང་ཝི་དི་ནམ་གྱི་སྐད་ཐོག་ལ་ཤེས་རབ་སྙིང་པོ་གསུངས་པ་རེད། དེས་ཅི་ཞིག་མཚོན་གྱི་ཡོད་པ་རེད་ཅེ་ན། ཨེ་ཤ་ཡའི་ཡུལ་གྲུ་ཆེན་པོ་འདི་དག་ལ་ལོ་རྒྱུས་ཀྱི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། དེའི་ནང་ཚན་ནས་ཤེས་རབ་སྙིང་པོ་གསུངས་མཁན་གཅིག་གྱུར་ཆགས་ཡོད་པ་རེད། རྒྱ་མིའི་ཤེས་རབ་སྙིང་པོ་གསུངས་མཁན་དག་ལ་དུག་གསུམ་ཉོན་མོངས་སེལ་བར་ཤོག་སོགས་སྨོན་ལམ་བཞི་ཡོད་པ་རེད། དུག་གསུམ་ཉོན་མོངས་སེལ་བ་ལ་སྨོན་ལམ་བརྒྱབ་ནས་ཉོན་མོངས་སེལ་ཐུབ་ཀྱི་མ་རེད། དེར་བརྟེན། ཤེས་རབ་སྣང་བ་འབར་བ་ཤོག། ཅེས་ཆོས་ལེགས་པར་རྣམ་འབྱེད་ཀྱི་ཤེས་རབ་སྤྱི་དང་། ལྷག་པར་བསླབ་པ་གསུམ་གྱི་ཉམས་ལེན་དང་འབྲེལ་བའི་བདག་མེད་པའི་ལྟ་བ་རྟོགས་པའི་ཤེས་རབ་སྐྱེས་ནས་དུག་གསུམ་ཉོན་མོངས་སེལ་བ་ཧ་ཅང་གསལ་བོ་འདུག དེ་ནས་ཕྱི་ནང་གི་བར་ཆད་མི་འབྱུང་བ་བཅས་ཐེག་པ་ཆེ་ཆུང་ཚང་མར་ཐུན་མོང་ཆགས་ཡོད། རྗེས་ལ་བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག། ཅེས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ལ་བསླབ་པ་ཞིག་གསུངས་ཀྱི་ཡོད། སྨོན་ལམ་འདི་ཧ་ཅང་ཟབ་མོ་རེད།

འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་གསུངས་པ་ལྟར། ཡུལ་གྲུ་དེ་དག་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲངས་རེད་དེ། སློབ་གཉེར་རྒྱ་ཆེན་པོ་དང་གཏིང་ཟབ་མོ་མེད་པར་སྨོན་ལམ་རྒྱག་པ་གཅིག་པུའི་ཐོག་ནས་འགྲོ་བཞིན་ཡོད་པས་སངས་རྒྱས་པའི་ཆོས་ཀྱི་གོ་བ་གཏིང་ཟབ་པ་ཞིག་ཆགས་པ་ནི་དཀོན་པོ་རེད། དེར་བརྟེན། ཁྱབ་ཀྱང་ཉམས་པར་གྱུར་བའི་གནས་ཆགས་ཡོད།

དེ་བཞིན་དེང་སང་ཡུ་རོབ་དང་ཨ་མི་རི་ཁ་སོགས་སུའང་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་ཚན་རིག་པའི་ནང་ནས་ཀྱང་ཡོང་གི་འདུག དེ་དག་ནི་བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའི་གནས་ཆགས་ཡོད། ངོས་ལ་ངོ་ཤེས་པའི་ཡི་ཤུའི་བླ་མ་ཞིག་ཡོད། ཁོང་རྒྱ་གར་ལ་དུས་ཡུན་རིང་ཙམ་བསྡད་པས་འདི་བ་ལ་རྒྱུས་ཡོད་རེད། ལོ་ཁ་ཤས་གོང་དུ་ངེད་གཉིས་ཐུག་སོང་། དེ་དུས་ཁོང་གིས་དེང་སང་ཡུ་རོབ་ནང་དུ་མི་རབས་གཞོན་པ་ཚན་རིག་གི་སློབ་སྦྱོང་ཡོད་མཁན་ཚོའི་གྲས་ལ་འཇིག་རྟེན་བཀོད་པ་པོའམ་དཀོན་མཆོག་འགྲེལ་བཤད་རྒྱག་རྒྱུ་ཁག་པོ་འདུག སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་མི་རབས་གཞོན་པ་ཚོའི་སེམས་ལ་ཧ་ཅང་འཇུག་པོ་འདུག་ཅེས་ཟེར་གྱི་འདུག དེ་བདེན་པ་རེད། དེར་བརྟེན། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའི་གནས་ལ་བསྟན་པ་དར་བའི་གནས་ཚུལ་སླེབས་ཀྱི་ཡོད་པ་རེད། ཡིན་ནའང་། ང་རང་ཚོས་ཆོས་ཚང་མར་གུས་བཀུར་བྱེད་དགོས་པ་རེད། ངོས་རང་ལ་ཆ་བཞག་ན་ནུབ་ཕྱོགས་ཡུལ་གྲུར་སྐབས་རེར་ནང་ཆོས་ལ་འབྲེལ་བ་ཡོད་པའི་གཏམ་བཤད་བྱེད་སྐབས་ཏོག་ཙམ་མ་བདེ་བ་ཡོང་གི་འདུག ཁོ་ཚོ་ཕ་མེས་ནས་ཡི་ཤུའི་ཆོས་བརྒྱུད་ཆགས་ཀྱི་ཡོད་པ་རེད། དེར་ང་ཚོ་འཚང་ཁ་རྒྱག་གི་ཡོད་པ་ལྟ་བུ་ཆགས་ན་ཡག་པོ་མི་འདུག ཚུར་ནང་པའི་ཡུལ་གྲུ་དག་སོ་སོའི་ཕ་མེས་ནས་ནང་པའི་ཆོས་བརྒྱུད་འཛིན་མཁན་ཡིན་པས་ང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་རེད།

ཆོས་བརྒྱུད་མི་འདྲ་བ་ཚོས་གཅིག་གིས་གཅིག་ནས་སློབ་སྦྱོང་ལེན་རྒྱུ་འདུག དཔེར་ན། ཡི་ཤུའི་ཆོས་པ་ཚོས་དངོས་གནས་སློབ་གསོ་དང་འཕྲོད་བསྟེན་ཐད་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པ་ཧ་ཅང་ཤུགས་ཆེན་པོ་རེད། ང་རང་ཚོ་ནང་པའི་རབ་བྱུང་ཕོ་མོ་ཚོས་སློབ་སྦྱོང་ཐོག་མི་ལ་ཞབས་འདེགས་སྒྲུབ་པ་དང་། འཕྲོད་བསྟེན་ཐོག་ལ་ཞབས་འདེགས་སྒྲུབ་པ་སོགས་མ་ལྡེང་བ་ལྟ་བུ་འདུག སྔ་མོ་ངོས་རང་བྷན་ཀོག་ལ་ཕྱིན་ནས་ཐེ་ལན་གྱི་ནང་པའི་དབུ་ཁྲིད་མཇལ་བའི་སྐབས་སུ་ཡི་ཤུའི་ཆོས་པ་ཚོ་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་རྒྱུ་ཤུགས་ཆེན་པོ་འདུག ང་རང་ཚོ་ནང་པ་ལ་དེ་ཙམ་རང་མི་འདུག དེ་ལ་ཤུགས་སྣོན་བརྒྱག་ཐུབ་ན་ཡག་པོ་མེད་དམ་ཞེས་ཞུ་རྒྱུ་བྱུང་། དེ་དུས་ཐེ་ལན་གྱི་དགོན་པའི་ཁྲི་པས་ངོས་ལ་རབ་བྱུང་པ་ཚོ་དགོན་པའི་ནང་ལ་སྡོད་དགོས་པ་རེད་ཅེས་གསུངས་པ་རེད། དེ་ཡང་དེ་ལྟར་ཆགས་ཡོད་པ་རེད་དེ། གང་ལྟར་དངོས་ཡོད་གནས་ཚུལ་ལ་བསམ་བློ་གཏོང་དགོས་པ་ཞིག་རེད། དེ་ལྟ་བུའི་བཀའ་མོལ་བྱུང་། ང་རང་ཚོ་ཡི་ཤུའི་ཆོས་གྲོགས་ཚོས་དངོས་གནས་སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་པ་ལ་མིག་དཔེ་བལྟ་འོས་པ་ཞིག་རེད། ཆོས་ཀྱི་དད་པ་ཁ་ཁ་རེད་མ་གཏོགས་སེམས་ཁམས་རིག་པ་དང་ཚད་མ་རིག་པ་སོགས་ཡི་ཤུའི་ཆོས་པ་ཚོ་ཡིན་ནའང་དོ་སྣང་བྱས་ན་ཕན་ཐོགས་ཡོད་པ་ཞིག་རེད། ཤེས་ཡོན་གྱི་འདུ་ཤེས་ཐོག་བྱུང་ན་ཡག་པོ་འདུག ཅེས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་རྗེས་ཆུ་ཚོད་༩།༢༠ ཙམ་ལ། རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡིས།། འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས།། དེ་ཕྱིར་གང་ལ་སྐྱབས་ན་མི་བསླུ་བའི།། དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན།། ཞེས་པ་ནས་དབུ་འཛུགས་ཀྱིས་རང་གཅེས་འཛིན་དང་བདེན་འཛིན་ལས་སྡུག་བསྔལ་ཡོང་གི་ཡོད་པ་སོགས་བཀའ་ཁྲིད་མཛད་རྗེས་ཆུ་ཚོད་༡༠།༣༠ ཙམ་ལ་ལག་ལེན་སོ་བདུན་མའི་བཀའ་ཁྲིད་ལེགས་པར་གྲུབ་པ་དང་།

དེ་ནས་དེ་རིང་འདིར་སེམས་བསྐྱེད་བྱ་རྒྱུ་འདི་ནི་སང་ཉིན་གྱི་དབང་གི་སྔོན་འགྲོའི་ཚབ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་ཐོག་མར་དགེ་བསྙེན་གྱི་སྡོམ་པ་ལེན་མཁན་ཡོད་མེད་བཀའ་རྩད་དང་འབྲེལ་དགེ་བསྙེན་གྱི་སྡོམ་པ་འབོག་ཆོག་མཛད་པ་དང་། དེ་རྗེས་བྱང་ཆུབ་སེམས་དཔའི་སྡོམ་པ་གནང་རྗེས། གནས་དུས་ཁྱད་པར་བ་ཞིག་ཏུ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་ཡིན་བསམ་པ་ཞིག་དང་། ཤི་ཁར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ཐུབ་པ་བྱུང་ན་ཧ་ཅང་ཡག་པོ་ཡོད་པ་དང་། བྱང་ཆུབ་ཀྱི་སེམས་སྒོམ་པ་ལས་ལྷག་པའི་དགེ་བ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་མ་རེད་ཅེས་སོགས་བཀའ་སློབ་དང་། བྱང་སེམས་ཀྱི་སྡོམ་པ་འབོགས་ཆོག་ལེགས་པར་གྲུབ་རྗེས་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་འཕྲོ་སྐྱོང་གིས། སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས།། ཞེས་པའི་མཚམས་སུ་འཕྲོ་འཇོག་གིས་དམིགས་བརྩེ་མ་གསུངས་འདོན་དང་འབྲེལ་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།

༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱ་ནས་ལེན།