19
Fri, Apr

ྋགོང་ས་མཆོག་གིས་རྒྱ་གར་ཚོང་འབྲེལ་གྱི་བསྟི་གནས་གཙོ་གྲས་གྲོང་ཁྱེར་མུམ་བྷེ་རུ་རྟེན་གཞི་བྱས་པའི་གུ་རུ་ནཱ་ནག་མཐོ་སློབ་Guru Nanak College ཏུ་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་བཞིན་པ། པར་དབང་དགའ་ལྡན་ཕོ་བྲང༌།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མཁྲེགས་འཛིན་པ་ཚོས་འབད་བརྩོན་ཇི་ཙམ་བྱས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང༌། སྐད་ཡིག་རྩ་མེད་ནམ་ཡང་བཟོ་ཐུབ་མེད། དེང་སྐབས་རྒྱ་རིགས་ནང་པ་ཚོས་བོད་བརྒྱུད་ནང་བསྟན་ལ་དད་གུས་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པར་བརྟེན་གནས་སྟངས་འགྱུར་བ་འགྲོ་རྒྱུ་ཡིན་པ་ཐག་ཆོད་པ་རེད། གཅིག་སྡུད་དབང་འཛིན་རིང་ལུགས་ལ་མདུན་ལམ་མེད། ཅེས་བཀའ་སློབ་སྩལ་འདུག

༢༠༡༨ལོའི་ཟླ་༡༢ཚེས་༡༣ཉིན་གྱི་སྔ་དྲོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཚོང་འབྲེལ་གྱི་བསྟི་གནས་གཙོ་གྲས་གྲོང་ཁྱེར་མུམ་བྷེ་རུ་རྟེན་གཞི་བྱས་པའི་གུ་རུ་ནཱ་ནག་མཐོ་སློབ་Guru Nanak College ཏུ་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་འདུག

དེ་ཡང་མགོན་པོ་གང་ཉིད་ཁུལ་དེར་ྋཞབས་སོར་འཁོད་མཚམས་མཐོ་སློབ་ཀྱི་སློབ་སྤྱི་སྐུ་ཞབས་ཝི་ཇྱ་དཱ་བྷོལ་ཀ་ Dr Vijay Dabholka ལགས་ཀྱིས་གཙོས་མཐོ་སློབ་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས་མཐོ་སློབ་ཀྱི་ཚོགས་ཁང་ཞིག་ཏུ་དགེ་ལས་སློབ་མ་ཁྱོན་མི་གྲངས་སྟོང་ཕྲག་གཅིག་ལ་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་འདུག

དེ་ཡང་ཐོག་མར་སྡིངས་ཆའི་སྟེང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྣང་གསལ་ཞལ་ཕྱེ་མཛད་རྗེས་སློབ་སྤྱིས་ཤིས་བརྗོད་གསུང་འདོན་དང་སྦྲགས་ལས་རིམ་དབུ་འཛུགས་ཀྱི་གཏམ་བཤད་གནང་དོན། “དེང་སྐབས་དྲ་རྒྱ་དང༌། མཁའ་དབྱིངས་སུ་འགྲུལ་བཞུད་བྱེད་བཞིན་པ། དེ་བཞིན་དཔལ་འབྱོར་དང་ཁོར་ཡུག ཆབ་སྲིད་གང་གི་ཆ་ནས་འཛམ་གླིང་ཁྱོན་ཡོངས་གོ་ལ་གཅིག་གྱུར་གྱི་གནས་སྟངས་ཆགས་ཟིན་པའི་དུས་སྐབས་འདིར། བྱམས་བརྩེའི་རིན་ཐང་ཇི་ཙམ་གལ་ཆེན་པོ་ཆགས་ཡོད་པའི་སྐོར་ལམ་སྟོན་བཀའ་སློབ་ཞུ་ཆེད་ང་ཚོས་བོད་ཀྱི་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྟ་བུ་མཐོ་སློབ་འདིར་གདན་ཞུ་ཐུབ་པ་དང༌། ཁོང་གི་ྋསྐུ་དྲུང་ནས་བྱམས་བརྩེའི་སྐོར་བཀའ་སློབ་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོ་ཞིག་ཡིན།” ཞེས་ངོ་སྤྲོད་ཞུས།

དེ་རྗེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། བརྩེ་བའི་སྤུན་མཆེད་ཕོ་མོ་རྣམ་པ། ངོས་རང་འདྲ་ཆགས་པོ་བྱ་རྒྱུ་དགའ་པོ་མེད། དེང་སྐབས་འཛམ་གླིང་གི་གནས་སྟངས་འདིའི་འོག་ང་ཚོ་འགྲོ་བ་མི་གྲངས་ཐེར་འབུམ་བདུན་ཡོད་པ་ཚང་མ་སྤུན་མཆེད་ཕོ་མོའི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་གནད་ཆེན་པོ་རེད། ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པར་བརྟེན་བདེ་བ་འདོད་པ་ཙམ་མ་ཟད། བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡང་ཡོད། འོན་ཀྱང་རྒྱལ་ཁབ་དང་ཆོས་ལུགས་སོགས་ཕན་ཚུན་རིམ་པ་གཉིས་པའི་གནས་སྟངས་འོག་ནས་མི་འདྲ་བ་ཕྲན་བུ་ཡོད་པ་རྒྱུ་མཚན་གཙོ་བོར་འཛིན་ནས་ང་ཚོ་དང་ཁོ་པ་ཚོ། ཞེས་གཞི་རྩའི་འགྲོ་བ་མི་གཅིག་གྱུར་ཡིན་པ་དེ་བརྗེད་ནས་ཕན་ཚུན་འཁྲུག་རྩོད་དང་ཐ་ན་གསོད་རེས་ཚུན་ཆད་བྱེད་བཞིན་པ་དེར་བསམ་བློ་ཡག་པོ་བཏང་བ་ཡིན་ན་གཞི་རྩ་གང་ཡང་མེད་པ་རེད།

ངོས་རང་མི་གཞན་སུ་འདྲ་ཞིག་དང་ཐུག་སྐབས་འགྲོ་བ་མི་རིགས་གཅིག་གྱུར་ཡིན་བསམ་པ་མ་གཏོགས། ངོས་རང་བོད་མི་ཞིག་ཡིན། ནང་པ་ཞིག་ཡིན། ྋགོང་ས་ཏཱ་ལའི་བླ་མ་ཡིན་བསམ་པ་ནམ་ཡང་དྲན་གྱི་མི་འདུག  གལ་ཏེ་དྲན་པ་ཡིན་ན་མི་གཞན་དང་རང་བཞིན་གྱིས་བར་ཐག་རིང་པོ་ཆགས་རྒྱུ་རེད།

དེང་སྐབས་དཔལ་འབྱོར་གྱི་གནས་སྟངས་ལ་མཚོན་ནའང་གོ་ལ་གཅིག་གྱུར་གྱི་ལམ་ལུགས་ཆགས་ཟིན་པ་དང༌། ལྷག་པར་གོ་ལའི་གནམ་གཤིས་འགྱུར་འགྲོས་ལ་བརྟེན་ནས་འབྱུང་བའི་འཇིགས་པའི་དཀའ་ངལ་དེ་དག་མི་ཚང་མས་གཅིག་མཚུངས་སུ་མྱོང་བཞིན་ཡོད། ཚན་རིག་པ་ཚོས་ཀྱང་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་པའི་དཀའ་ངལ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་བརྟག་དཔྱད་ཀྱི་ལམ་ནས་ཉེན་བརྡ་བཏང་ཡོད། དཀའ་ངལ་དེ་དག་ང་ཚོ་ཚང་མས་ཐུན་མོང་དུ་མྱོང་དགོས་སྟབས་ཕན་ཚུན་མཉམ་རུབ་ཐོག་ནས་གདོང་ལེན་བྱེད་དགོས། རྒྱུ་མཚན་དེ་ལ་བརྟེན་ནས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད།

ཕྱོགས་མཚུངས་ཆོས་ལུགས་ཚང་མས་མི་ལ་ཕན་བཞིན་ཡོད་སྟབས་ཆོས་ལུགས་དབྱེ་བ་མེད་པར་ཚང་མར་གུས་བཀུར་ཞུ་དགོས་པ་དང༌། ཕན་ཚུན་བློ་སྐྱེད་ཡང་བླང་ཐུབ་རྒྱུ་རེད། རྒྱ་གར་ལ་མཚོན་ན་ལོ་ངོ་སྟོང་གི་རིང་ནས་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་མཉམ་གནས་བྱས་དང་བྱེད་བཞིན་ཡོད་པར་བརྟེན་འཛམ་གླིང་གཞན་ལ་མིག་དཔེ་བཟང་པོ་ཞིག་ཆགས་ཡོད། ངོས་རང་ཉིད་ལ་མཚོན་ན་གུ་རུ་ནཱ་ནག་མཆོག་ལ་ཡི་རང་བསྔགས་བརྗོད་ཧ་ཅང་ཞུ་མཁན་ཞིག་ཡིན། ཁོང་ཧིན་དུའི་ཁྱིམ་ཚང་ནང་སྐུ་འཁྲུངས་ཡང་ཁ་ཆེའི་གནས་རྩ་ཆེ་མེག་ཁར་གནས་མཇལ་དུ་ཕེབས་པ་རེད། དེས་གང་མཚོན་བཞིན་ཡོད་བརྗོད་ན་ཆོས་ལུགས་གཞན་ལ་གུས་བརྩི་ཞུ་བ་མཚོན་ཐུབ། དེ་ལྟ་བུའི་གནང་སྟངས་དེ་ནི་ངོ་མཚར་ལྡན་པ་ཞིག་མ་རེད་དམ། ཞེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད།  བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས་པ་གལ་ཆེ་ཡིན་སྐོར་བཀའ་སློབ་སྩལ་བསྟུན་ཚོགས་བཅར་བའི་དྲི་བ་རྣམས་ལ་བཀའ་ལན་སྩལ།

དེ་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འབྱུང་འགྱུར་བོད་ནང་གི་གནས་སྟངས་ཐོག་ཐུགས་རེ་ཇི་ལྟར་མཛད་བཞིན་པའི་དྲི་བར་བཀའ་ལན་སྩལ་དོན། “བོད་མི་ཚོས་དཀའ་སྡུག་ཇི་ཙམ་མྱངས་དང་མྱོང་བཞིན་ཡོད་ཀྱང་སྙིང་སྟོབས་ནམ་ཡང་མ་ཞུམ་པར་མུ་མཐུད་སྲ་བརྟན་ངང་གནས་ཡོད། དེར་བརྟེན་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མཁྲེགས་འཛིན་པ་ཚོས་འབད་བརྩོན་ཇི་ཙམ་བྱས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང༌། སྐད་ཡིག་རྩ་མེད་ནམ་ཡང་བཟོ་ཐུབ་མེད། དེང་སྐབས་རྒྱ་རིགས་ནང་པ་ཚོས་བོད་བརྒྱུད་ནང་བསྟན་ལ་དད་གུས་བྱེད་ཤུགས་ཆེ་རུ་འགྲོ་བཞིན་འདུག དེར་བརྟེན་གནས་སྟངས་འགྱུར་བ་འགྲོ་རྒྱུ་ཡིན་པ་ཐག་ཆོད་པ་རེད། གཅིག་སྡུད་དབང་འཛིན་རིང་ལུགས་ལ་མདུན་ལམ་མེད། ཅེས་བཀའ་ལན་སྩལ།

དེ་རྗེས་བུད་མེད་སློབ་མ་ཞིག་གིས་བུད་མེད་ཚོར་དགེ་སློང་མའི་སྡོམ་པ་ཞུ་མ་ཐུབ་པའི་རྒྱུ་མཚན་གྱི་དྲི་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་དོན། བོད་གངས་ཅན་གྱི་ལྗོངས་སུ་འདུལ་བའི་སྡོམ་རྒྱུན་དེ་རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སྡོམ་རྒྱུན་ཕྱག་སྲོལ་དར་ཁྱབ་མཛད་པར་བརྟེན་སྡོམ་པ་འབོག་ཆོག་མཛད་སྐབས་མཁན་པོ་དགེ་སློང་མ་ཞིག་ཡིན་དགོས་སྟབས་དེ་ལྟ་བུའི་དགེ་སློང་མ་བོད་ནང་ཕེབས་མེད། འོན་ཀྱང་ཉེ་ལམ་བོད་པའི་བཙུན་མ་འགའ་ཤས་ཀྱིས་རྒྱ་ནག་ཆོས་སྲུང་སྡེ་པའི་ལུགས་ཀྱི་སྡོམ་པ་འབོག་ཆོག་འོག་དགེ་སློང་སྒྲུབ་མཁན་བྱུང་ཡོད།

སྤྱིར་འདས་པའི་གནས་སྟངས་ལ་མཚོན་ན་བོད་པའི་བཙུན་མ་ཚོས་གཞུང་ཆེན་ལ་རིག་པའི་བརྡར་ཤ་བཅད་ནས་སློབ་གཉེར་ཤུགས་ཆེན་པོ་གནང་སྲོལ་མེད། འོན་ཀྱང་ངོས་ཀྱིས་ལོ་ངོ་བཞི་བཅུ་ཙམ་རིང་ལམ་ལུགས་དེ་ནི་རྗེས་ལུས་ཤིག་ཡིན་སྟབས། བཙུན་མ་ཚོས་ཀྱང་དཔེ་ཆ་བལྟ་དགོས་པའི་ལམ་སྟོན་བྱས་པ་ཡིན། དེར་བརྟེན་ད་ཆ་བཙུན་མའི་ཁྲོད་དུའང་དགེ་བཤེས་མ་ཐོན་ཐུབ་པ་བྱུང་ཡོད། ཅེས་བཀའ་ལན་སྩལ་བ་བཅས།།