16
Wed, Jan
33 New Articles

༢༠༡༨ལོའི་ཟླ༡༡ཚེས༣༠ཉིན་སྟོབས་ཆེན་རྒྱལ་ཁབ་༢༠ཡི་ཚོགས་ཆེན་འཚོགས་བཞིན་པ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༨ལོའི་ཟླ་༡༡ཚེས་༣༠ཉིན་སྤེལ། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་འགོ་ཁྲིད་རྣམས་ཨ་ཅིན་ཊི་ནའི་རྒྱལ་སར་འཛོམས་ཏེ། ཟླ་འདིའི་ཚེས་༣༠ནས་ཉིན་གཉིས་ཀྱི་རིང་ལ་འཛམ་གླིང་གི་དཔལ་འབྱོར་དང་། ཚོང་ལས་མ་རྐང་། གྲངས་ཀའི་དཔལ་འབྱོར། རྨང་གཞིའི་འཛུགས་བསྐྲུན། གནམ་གཤིས་འགྱུར་ལྡོག་བཅས་དང་འབྲེལ་བའི་འཛམ་བུ་གླིང་གི་གནད་དོན་གལ་ཆེན་དག་གི་སྐོར་ལ་བགྲོ་གླེང་བྱ་རྒྱུ་རེད་འདུག

དེ་ཡང་། རྒྱལ་སྤྱི་གསར་ཁང་ཁག་ནས་ཐེངས་འདིའི་ཚོགས་ཆེན་འདི་དང་འབྲེལ་བའི་གནད་དོན་དྲུག་གི་སྐོར་ལ་གླེང་སློང་ཆེན་པོ་བྱེད་ཀྱིན་འདུག་ཅིང་། གནད་དོན་དང་པོ་ནི། ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་གྱི་དཀྱོག་མཚམས། གཉིས་པ། གསར་འགོད་པ་ཀ་ཤོ་གེ་ལྐོག་གསོད་ཐེབས་རྗེས་ཀྱི་རྒྱལ་པོ་སམ་མན་གྱི་ཕྱི་འབྲེལ་ཐོག་མ། གསུམ་པ། ཨ་རི་དང་མོ་སི་ཁོ། ཁ་ན་ཌ་བཅས་ཀྱི་གྲོས་ཆོད། བཞི་པ། རྒྱལ་སྤྱིའི་ཚོང་རའི་སྒྲིག་གཞི་བཅོས་སྒྱུར། ལྔ་པ། ཨ་ཅེན་ཊི་ན་ཡིས་རྒྱལ་སྤྱི་ཡིས་རོགས་སྐྱོར་གནང་བའི་རེ་སྐུལ་ཞུས། དྲུག་པ། དཔལ་འབྱོར་ཚན་རྩལ་དང་ཐོན་རྫས་འབེལ་བོ་བཅས་ཡིན་འདུག

ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་གྱི་དཀྱོག་མཚམས།

ཐེངས་འདིའི་G20ཚོགས་ཆེན་འདི་ནི། ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་ཛ་དྲག་ཏུ་གྱུར་ཡོད་པའི་སྐབས་དང་ཁེལ་ཡོད་སྟབས། ཕྱོགས་གཉིས་ཀའི་འགོ་ཁྲིད་རྣམས་ཐུག་འཕྲད་ལ་བརྟེན་ནས་ཚོང་འབྲེལ་ཇེ་ལེགས་སུ་འགྲོ་མིན་དེ། ཐེངས་འདི་ཚོགས་ཆེན་གྱི་དོ་སྣང་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་འདུག

རྒྱ་ནག་ཐེངས་འདིའི་ཚོགས་ཆེན་དུ་ཞུགས་པའི་དམིགས་ཡུལ་ནི། ཨ་རིས་རྒྱ་ནག་གི་ཚོང་ཁྲལ་ཇེ་ཡངས་སུ་གཏོང་བར་བྱེད་རྒྱུ་དེ་རེད་འདུག ཡིན་ནའང་། ཨ་རིའི་སྲིད་འཛིན་ཊོམ་པུ་ཡིས་ཚེས་༢༦ཉིན་གསར་ལམ་ཁག་ཏུ་བརྗོད་དོན། རྒྱ་ནག་གི་ཚོང་ཁྲལ་ཇེ་ཡངས་སུ་གཏོང་མི་སྲིད་ལ། གལ་ཏེ། G20ཚོགས་ཆེན་སྐབས་སུ། ཨ་རིའི་ཁེ་ཕན་དང་མཐུན་པའི་གྲོས་ཆོད་འཇོག་མ་ཐུབ་ཚེ། རྒྱ་ནག་གི་ཚོད་ཁྲལ་ཇེ་མཐོར་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག

གསར་འགོད་པ་ཀ་ཤོ་གེ་ལྐོག་གསོད་ཐེབས་རྗེས་ཀྱི་རྒྱལ་པོ་སལ་མན་གྱི་ཕྱི་འབྲེལ་ཐོག་མ།

སོ་ཏེ་ཨ་ར་བྷེ་ཡའི་རྒྱལ་པོ་མོ་ཧམ་མེ་ཏིག-བྷིན-སལ་མན་ཐེངས་འདི་G20ཚོགས་ཆེན་དུ་ཞུགས་ཤིང་། འདི་ནི་གསར་འགོད་པ་ཇ་མལ-ཀ་ཤོ་གེ་ལྐོག་གསོད་ཐེབས་རྗེས། རྒྱལ་པོ་སལ་མན་གྱིས་ཐེངས་དང་པོར་ཕྱི་འབྲེལ་གནང་གི་ཡོད་པ་ཞིག་ཡིན་སྟབས། རྒྱལ་སྤྱིའི་གསར་ལམ་ཁག་ནས་དོ་སྣང་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་འདུག རྒྱལ་པོ་སལ་མན་ཐེངས་འདི་G20ཚོགས་ཆེན་གྱི་སྐབས་སུ། ཨ་རི་དང་ཁ་ན་ཌ། ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམས་དང་མཇལ་འཕྲད་གནང་རྩིས་འདུག་ཅིང་། སྐབས་དེར་ཁོས་གསར་འགོད་པ་ལྐོག་གསོད་ཐེབས་པའི་དོན་རྐྱེན་དེ་གླེང་མིན་གྱི་སྐོར་ལ་མི་རྣམས་ཀྱིས་དོ་སྣང་བྱེད་ཀྱིན་འདུག

རྒྱལ་ཁབ་མང་པོ་ཞིག་གི་འགོ་ཁྲིད་ཚོས་གསར་འགོད་པ་ལྐོག་གསོད་ཐེབས་པ་དེའི་ཐད་ནས་རྒྱལ་པོ་སལ་མན་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། ཁོས་དོན་རྐྱེན་དེ་རང་ཉིད་དང་འབྲེལ་བ་མེད་སྐོར་བརྗོད་ཀྱིན་འདུག དེ་ལྟར་ཡང་། ཨ་རི་ཡིས་དོན་རྐྱེན་དེ་ནི་རྒྱལ་པོ་སལ་མན་དང་འབྲེལ་བ་ཡོད་པར་བཤད་ཀྱི་འདུག སྲིད་འཛིན་ཊོམ་པུ་ཡིས་དེའི་ཐད་ནས་མངོན་གསལ་དོད་པས་གང་ཡང་བཤད་ཀྱི་མེད། རྒྱུ་མཚན་ནི། ཨ་རི་དང་སོ་ཏེ་ཨ་ར་བྷེ་ཡའི་བར་ན་ཁེ་ཕན་ལྡན་པའི་རྡོ་སྣུམ་གྱི་ཚོང་འབྲེལ་ཡོད་པས་ཡིན།

ཨ་རི་དང་མོ་སི་ཁོ། ཁ་ན་ཌ་བཅས་ཀྱི་གྲོས་ཆོད།

ཐེངས་འདིའི་G20ཡི་ཚོགས་ཆེན་སྟེང་ནས། ཨ་རི་དང་མོ་སི་ཁོ། ཁ་ན་ཌ་བཅས་ནས་གྲོས་ཆོད་ཅིག་འཇོག་རྩིས་འདུག་ཅིང་། དེར་བརྟེན་ནས། ཨ་རི་ཡིས་ཁ་ན་ཌ་དང་མོ་སི་ཁོ་གཉིས་དང་མཉམ་འབྲེལ་བྱས་ཏེ། རྒྱ་ནག་གི་ཚོང་འབྲེལ་ལ་དོགས་ཟོན་བྱ་རྒྱུ་ཡིན་འདུག དེ་ཡང་། སྲིད་འཛིན་ཊོམ་པུ་ཡིས་ཉིན་ཤས་སྔོན་ལ་བརྗོད་དོན། གཅིག་བྱས་ན། ཀུ་ཤུ་བཟོ་གྲྭས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཁ་པར་དང་གློག་ཀླད་སོགས་ཀྱི་ཚོང་ཁྲལ་བརྒྱ་ཆའི་བཅུ་ཡིན་པར་བརྗོད་འདུག

དེར་བརྟེན། ཨ་རི་དང་མོ་སི་ཁོ། ཁ་ན་ཌ་བཅས་མཉམ་འབྲེལ་གྱིས་ཚོང་འབྲེལ་བཙུགས་པར་བརྟེན་ནས། འཛམ་གླིང་གི་དཔལ་འབྱོར་གྱི་གནས་སྟངས་ཇི་འདྲ་ཞིག་ཏུ་འགྱུར་མིན་གྱི་སྐོར་ལ་རྒྱལ་སྤྱི་དང་གསར་ལམ་ཁག་ནས་དོ་སྣང་ཤུགས་ཆེན་བྱེད་ཀྱིན་འདུག

རྒྱལ་སྤྱིའི་ཚོང་རའི་སྒྲིག་གཞི་བཅོས་སྒྱུར།

ཐེངས་འདིའི་G20ཚོགས་ཆེན་གྱི་སྟེང་ནས། རྒྱལ་སྤྱིའི་ཚོང་རའི་སྒྲིག་གཞི་བཅོས་སྒྱུར་དང་འབྲེལ་བའི་སྐོར་གླེང་རྒྱུ་ཡིན་པ་དང་། ཡུ་རོབ་མཐུན་ཚོགས་ནས། ཉེ་ཆར་རྒྱལ་སྤྱིའི་ཚོང་རའི་སྒྲིག་གཞི་ལ་བཅོས་སྒྱུར་བྱེད་དགོས་པའི་ཐད་ལ་བསམ་འཆར་གསུམ་བཏོན་ཡོད་ཅིང་། དེ་དག་ནི། གྲོས་མོལ་དང་ལྟ་རྟོག རྩོད་རྙོག་སེལ་བ་བཅས་ཡིན།

ཨ་རིའི་སྲིད་འཛིན་ཊོམ་པུ་སྲིད་འཛིན་ལ་བསྡད་པ་ནས་བཟུང་། རྒྱལ་སྤྱིའི་ཚོང་རའི་རྩོད་རྙོག་སེལ་ཐུབ་མིན་གྱི་ཐད་ལ་དོགས་འདྲི་ཡང་ཡང་བྱེད་ཀྱིན་ཡོད་ཅིང་། ཁོས་ད་ལྟའི་རྒྱལ་སྤྱིའི་ཚོང་རའི་སྒྲིག་གཞི་དེར་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་ཡོད།

ད་དུང་། ཨ་རིས་རྒྱ་ནག་རྒྱལ་སྤྱིའི་ཚོང་ར་ནས་ཕྱིར་འབུད་གཏོང་པར་འདོད་ཀྱི་ཡོད་ཅིང་། རྒྱ་ནག་གིས་རྒྱལ་སྤྱིའི་ཚོང་རའི་སྒྲིག་གཞི་སྤྱད་དེ་རྒྱལ་ཁབ་ནང་ཁུལ་གྱི་ཁེ་ལས་ཡར་རྒྱས་སུ་གཏོང་བཞིན་ཡོད་པར་ཨ་རིས་སྐྱོན་བརྗོད་ནན་མོ་བྱེད་ཀྱི་ཡོད།

ཡིན་ནའང་། རྒྱ་ནག་ཕྱོགས་ནས་རྒྱལ་སྤྱིའི་ཚོང་རའི་སྒྲིག་གཞི་ལ་བཅོས་སྒྱུར་བྱས་ཏེ། རྒྱལ་ཁབ་སོ་སོའི་ཚོང་ལས་ཡར་རྒྱས་ལ་དོ་ཕོག་མི་འགྲོ་བར་བྱེད་དགོས་ཞེས་བརྗོད་ཀྱིན་འདུག

ཨ་ཅེན་ཊི་ན་ཡིས་རྒྱལ་སྤྱིར་ཕུལ་བའི་རེ་སྐུལ།

ཐེངས་འདིའི་G20ཚོགས་ཆེན་འཚོགས་ཡུལ་ཨ་ཅེན་ཊི་ནར་དངུལ་ལོའི་མཛའ་ཐང་དང་འཕར་ཆག་གི་དཀའ་ངལ་འཕྲད་ཡོད་སྟབས། སྲིད་འཛིན་མ་རི་སོའུ-མ་ཁི་རིས(Mauricio Macri)་ཚོགས་ཆེན་འདིའི་གོ་སྐབས་བརྒྱུད་ནས་རྒྱལ་སྤྱི་ལ་རོགས་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག

༢༠༡༨ ལོར། ཨ་ཅེན་ཊི་ནའི་ནང་དུ་དངུལ་ལོའི་མཛའ་ཐང་འཕར་ཆག་ཆེན་པོ་བྱུང་སྟབས། རྒྱལ་ཡོངས་མི་རྣམས་ཀྱི་འཚོ་བར་དཀའ་ངལ་རབ་དང་རིམ་པ་འཕྲད་དེ། མི་མང་སེམས་འཚབ་དང་མ་དགའ་བའི་རྣམ་འགྱུར་གྱིས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད། གཞན་ཡང་། འདིའི་སྔོན་གྱི་ཨ་ཅེན་ཊི་ནའི་སྲིད་འཛིན་ཟུར་པའི་སྐབས་སུ། རྒྱལ་ཁབ་མང་པོ་ཞིག་གི་འབྲེལ་བ་དེ་ཇེ་རྡུགས་སུ་སོང་ཡོད་འདུག

དཔལ་འབྱོར་ཚན་རྩལ་དང་ཐོན་རྫས་འབེལ་བོ།

ཐེངས་འདིའི་G20ཚོགས་ཆེན་སྟེང་ནས་ཇི་ལྟར་རྒྱལ་སྤྱིའི་དཔལ་འབྱོར་སྒྲོམ་གཞི་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་བགྲོ་གླེང་བྱ་རྒྱུ་ཡིན་པ་དང་། གྲངས་ཀའི་དཔལ་འབྱོར་ལམ་ལུགས་སྤྱད་དེ་གཞུང་འབྲེལ་མ་ཡིན་པའི་མི་སྒེར་དང་ཁེ་ལས་ཆུང་ཙག་གི་རིགས་ལ་ཇི་ལྟར་རྒྱབ་སྐྱོར་དང་རོགས་འདེགས་བྱེད་ཐབས་ཀྱི་སྐོར་ལ་དོ་སྣང་ཆེན་པོ་བྱ་འཆར་འདུག རྒྱ་ནག་ནི་གྲངས་ཀའི་དཔལ་འབྱོར་ལམ་ལུགས་ཀྱི་སྣེ་ཁྲིད་མཁན་ཡིན་ངེས་ཡིན།

དེ་ཡང་། རྒྱ་ནག་གི་མི་དམངས་དངུལ་ཁུང་གི་འགན་འཛིན་གཞོན་པས་བརྗོད་དོན། རྒྱ་ནག་ནི་དཔལ་འབྱོར་ཚན་རྩལ་དང་ཐོན་རྫས་འབེལ་བོའི་ཕྱོགས་ནས། འཛམ་བུ་གླིང་གི་མདུན་གྲལ་དུ་བསླེབས་ཡོད་སྟབས། ཐེངས་འདིའི་G20ཚོགས་ཆེན་སྟེང་ནས་དེ་དང་འབྲེལ་བའི་སྲིད་ཇུས་གཏན་འབེབས་དང་། ཚན་རྩལ་དང་གོ་སྐབས་སོགས་ལེགས་སྤེལ་ཉེས་འགོག་བྱ་དགོས། ཞེས་བརྗོད་འདུག

གསལ་བསྒྲགས་ཀྱི་ས་མིག