25
Thu, Apr

རྒྱ་ནག་ཚན་རིག་པ་ཞིག་གིས་རིགས་རྫས་འཆོས་སྒྲིག་ཐོག་ལ་གླེང་གཞི་ཆེན་པོ་བཟོས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ ཟླ་༡༡ ཚེས་༢༧ཉིན་སྤེལ། འཛམ་གླིང་རེག་དུག(HIV)་གི་ཉིན་མོ་ཐོན་ལ་ཉེ་བའི་སྐབས་དང་བསྟུན་ནས། རྒྱ་ནག་གི་ཚན་རིག་པ་ཧི་ཅན་ཁི་ཡིས་མཚེ་མ་བྱིས་པ་གཉིས་ཀྱི་རིགས་རྫས(Gene)་ལ་འཆོས་སྒྲིག་བྱས་ཏེ། རེག་དུག་གི་ན་ཚ་འགོག་སྲུང་བྱེད་ཐུབ་པའི་ནུས་པ་ལྡན་པར་བྱས་ཡོད་སྐོར་བསྒྲགས་འདུག གནས་ཚུལ་དེ་བསྒྲགས་མ་ཐག འཛམ་གླིང་གང་ས་ནས། མིའི་རིགས་ཀྱི་རིགས་རྫས་ལ་འཆོས་སྒྲིག་བྱེད་པ་ནི་ཀུན་སྤྱོད་ལས་འདས་པ་ཞིག་ཡིན་སྐོར་དང་། ཞིབ་འཇུག་དེའི་དོན་དངོས་རང་བཞིན་ལ་དོགས་གཞི་དང་གནོད་སྐྱོན་གྱི་ཐད་ལ་ཚ་ཚ་འུར་འུར་གྱིས་གླེང་སློང་ཆེན་པོ་བྱེད་ཀྱིན་འདུག

མིའི་རིགས་ཀྱི་རིགས་རྫས་ལ་འཆོས་སྒྲིག་བྱས་ཏེ་མངའ་ཆགས་པར་བྱེད་པ་ནི་ཀུན་སྤྱོད་དང་མཐུན་མིན་གྱི་ཐད་ནས། གསོ་བ་རིག་པའི་སྡེ་ཚན་ནས་ཡུན་རིང་དུ་གླེང་སློང་ཤུགས་ཆེན་བྱས་མྱོང་བའི་བརྗོད་གཞི་ཞིག་ཡིན། དབྱིན་ཇི་སོགས་རྒྱབ་ཁབ་མང་པོ་ཞིག་གིས་རིགས་རྫས་འཆོས་སྒྲིག་བྱེད་པའི་ཞིབ་འཇུག་ལས་དོན་རྣམས་གཞུང་གི་ངོས་ནས་བཀའ་སྡོམ་བྱས་ཡོད། རྒྱ་ནག་གི་ཚན་རིག་པ་ཧི་ཅན་ཁི་ཡིས་མཚེ་མ་བྱིས་པ་གཉིས་ཀྱི་རིགས་རྫས་ལ་འཆོས་སྒྲིག་བྱས་ཏེ། རེག་དུག་གི་ན་ཚ་འགོག་སྲུང་བྱེད་ཐུབ་པའི་ནུས་པ་ལྡན་པར་བྱས་ཡོད་སྐོར་བསྒྲགས་འདུག་མ་ཐག རྒྱ་ནག་གི་ཚན་རིག་པ་༡༢༢ཡིས་ཞིབ་འཇུག་དེར་སྐྱོན་བརྗོད་བྱས་ཏེ། ཁྲིམས་ཀྱི་ཐོག་ནས་ཞིབ་འཇུག་ལས་དོན་དེའི་བཀག་སྡོམ་བྱེད་དགོས་སྐོར་གྱི་རེ་སྐུལ་ཞུས་འདུག ད་དུང་། རྒྱ་ནག་ལྷོ་ཕྱོགས་ཚན་རྩལ་སློབ་ཆེན་ནས་ཀྱང་། ཚན་རིག་པ་ཧི་ཅན་ཁི་ལ། ཀུན་སྤྱོད་དང་རིག་ཚན་གྱི་སྒྲིག་གཞི་དང་འགལ་འདུག ཅེས་སྐྱོན་བརྗོད་ཀྱང་གནང་འདུག

ད་དུང་རྒྱལ་སྤྱིའི་སྟེང་ནས་ཀྱང་། ཚན་རིག་པ་ཧི་ཅན་ཁིའི་རིགས་རྫས་འཆོས་སྒྲིག་གི་ལས་གཞི་དེར་སྐྱོན་བརྗོད་གནང་མཁན་བྱུང་འདུག དེ་ཡང་ལོན་ཌོན་གྱི་ཚན་རིག་པ་རོ་བྷེར་ཊི-ཝིན་སི་ཊིན-ཨེ་མེ་རེ་ཊེ་ཡིས་ལས་གཞི་དེའི་ཐད་ལ་འདི་ལྟར་སྐྱོན་བརྗོད་གནང་དོན། གནས་ཚུལ་དེ་རྫུན་མ་ཞིག་ཡིན་ཚེ། ཚན་རིག་ཁྱབ་ཁོངས་ཀྱི་ཀུན་སྤྱོད་མི་ལེགས་པ་ཞིག་དང་འགན་མ་ཁུར་བའི་རྟགས་མཚན་ཞིག་རེད། གལ་ཏེ། གནས་ཚུལ་དེ་བདེན་པ་ཞིག་ཡིན་ནའང་། དེ་ནི་ཚན་རིག་ཁྱབ་ཁོངས་ཀྱི་ཀུན་སྤྱོད་མི་ལེགས་པ་ཞིག་རེད། ཅེས་བརྗོད་འདུག གཞན་ཡང་། ལོན་ཌོན་གྱི་ཕྲ་ཕུང་ཚན་རིག་གི་ཆེད་མཁས་པ། ཊོ་སི་ཀོ-ཨ་ལི་སི་ཡིས་ཀྱང་འདི་ལྟར་སྐྱོན་བརྗོད་གནང་དོན། གལ་སྲིད། ཚན་རིག་པ་ཁོ་ཚོས་ཀུན་སྤྱོད་ཅེས་པ་ནི་དེ་འདྲ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ན། ཁོ་ཚོའི་ཀུན་སྤྱོད་དང་འབྲེལ་བའི་བསམ་བློའི་ལྟ་ཚུལ་དེ་ནི། ཁོ་ཚོ་ལས་གཞན་པའི་འཛམ་གླིང་མི་མང་གི་ཀུན་སྤྱོད་ལྟ་ཚུལ་དང་མི་འདྲ་བར་གཞན་ཞིག་ཡིན་ངེས་རེད། ཅེས་བརྗོད་འདུག གཞན་ཡང་། དྲ་ལམ་ཁག་ན་མིའི་རིགས་ཀྱི་ཆགས་འཇིག་ཧྲིན་ཀྲིན་ནས་མགོ་བརྩམས་སོང་། ཞེས་པ་སོགས་ཀྱི་སྐྱོན་བརྗོད་ཀྱང་བྱེད་ཀྱིན་འདུག

ཚན་རིག་པ་ཧི་ཅན་ཁི་ནི་ཨ་རི་ནས་སློབ་སྦྱོང་བྱས་ཏེ། ཕྱིར་རྒྱ་ནག་གི་གྲོང་ཁྱེར་ཧྲིན་ཀྲིན་དུ་ཡོང་སྟེ་ལས་ཀ་བྱེད་ཀྱིན་འདུག་ཅིང་། ཁོས་ཚེས་༢༥ཉིན་འདི་ལྟར་བརྗོད་དོན། ང་རང་གིས་མཚེ་མ་བྱིས་པ་གཉིས་ཀྱི་རིགས་རྫས་ལ་འཆོས་སྒྲིག་བྱས་ཡོད་ཅིང་། གཅིག་གི་མིང་ལ་ལོ་ལོ་དང་། གཅིག་གི་མིང་ལ་ན་ན་ཟེར། ཞེས་བརྗོད་ཡོད་པ་དང་། ད་དུང་། ཁོས་མཚེ་མ་བྱིས་པ་དེ་གཉིས་ལ་རེག་དུག་གི་ན་ཚ་འགོག་སྲུང་བྱེད་ཐུབ་པའི་ནུས་པ་ལྡན་པར་བྱས་ཡོད་ལ། ན་ཚ་སོགས་ལས་སྡུག་བསྔལ་ཡང་མྱོང་མི་དགོས། ལས་གཞི་འདི་ནི་རྙོག་དྲ་ཚ་བོ་ཞིག་ཡིན་སྟབས། བརྗོད་སྐྱོན་དང་དོགས་གཞི་གང་ཞིག་བྱུང་ཡང་། གདོང་ལེན་བྱ་རྒྱུ་ཡིན། ཞེས་བརྙན་ཐུང་བརྒྱུད་ནས་བསྒྲགས་འདུག

རིགས་རྫས་འཆོས་སྒྲིག་བྱས་པར་བརྟེན་ནས། ན་ཚ་སོགས་བཅོས་ཐུབ་ཀྱི་ཡོད་ནའང་། ཆེད་མཁས་པ་རྣམས་ཀྱིས་དོ་ཁུར་བྱེད་ས་ནི། མི་རབས་རྗེས་མར་ཡང་རིགས་རྫས་འཆོས་སྒྲིག་ལ་བརྟེན་ནས་བྱུང་བའི་འགྱུར་བ་དེ་མུ་མཐུད་ནས་གནས་པར་འདོད་ཀྱི་ཡོད་པར་མ་ཟད། ལས་གཞི་དེའི་སྤྱོད་སྒོ་ཚད་ལས་བརྒལ་ཏེ། མིའི་རིག་སྟོིབས་དང་གཟུགས་སྟོིབས་སོགས་ཀྱང་སྔར་ལས་ཇེ་ལེགས་དང་ཇེ་རྒོད་དུ་གཏོང་བར་འབད་རྩོལ་བྱས་ཚེ། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་སྒྲིག་གཞི་སྤྱི་དང་བདེ་འཇགས་ལ་ཉེན་ཁ་འབྱུང་གི་ཡོད། དེར་བརྟེན། རྒྱལ་ཁབ་མང་པོ་ཞིག་གི་རིགས་རྫས་འཆོས་སྒྲིག་ཞིབ་འཇུག་གི་ལས་གཞི་ཁྲིམས་ཐོག་ནས་བཀག་སྡོམ་བྱེད་ཀྱིན་ཡོད། ཡིན་ཡང་། ཚན་རིག་པ་རྣམས་ཀྱིས་མིའི་རིགས་རྫས་ལ་ཞིབ་འཇུག་གནང་ཆོག་ཀྱང་། དེ་བེད་སྤྱད་དེ་མི་བཟོས་ན་མི་ཆོག་ཅེས་ཀྱང་བསམ་ཚུལ་བརྗོད་མཁན་འབྱུང་གི་འདུག

ཚན་རིག་པ་ཧི་ཅན་ཁི་ཡིས་རིགས་རྫས་འཆོས་སྒྲིག་གི་མཚེ་མ་བྱིས་པ་གཉིས་བཟོས་ཡོད་པར་བསྒྲགས་ཡོད་ཀྱང་། དེའི་དོན་དངོས་རང་བཞིན་གྱི་ཐད་ལ། ད་དུང་ཡང་ཆེད་མཁས་པ་དང་ཚན་རིག་པ་མང་པོ་ཞིག་གིས་དོགས་གཞི་དང་ཞིབ་འཇུག་གནང་གི་འདུག གལ་ཏེ། ལས་གཞི་དེ་བདེན་པ་ཞིག་ཡིན་ཚེ། སྤྱི་སྒེར་ཡོངས་ལ་ཉེན་ཁ་རབ་དང་རིམ་པ་ཞིག་འབྱུང་གི་ཡིན་པའི་སྐོར་ལའང་ཆེད་མཁས་པ་དང་ཚན་རིག་པ་མང་པོ་ཞིག་གིས་སེམས་ཁྲལ་བྱེད་ཀྱིན་འདུག