24
Wed, Apr

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ༢༠༡༨ ལོའི་ཇི་ནི་ཝའི་ལྷན་ཚོགས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཡུ་རོབ་རྒྱལ་ཁབ་ཁག་གི་ནང་ནས་བོད་མི་གནས་སྡོད་བྱེད་མཁན་མང་ཤོས་སུད་སི་རྒྱལ་ཁབ་ཆགས་ཡོད་ཀྱང་། སུད་སི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ཚིག་གཅིག་ཀྱང་མ་བཤད་པར་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ཆིངས་ཡིག་བཞག་པ་རེད། སུད་སི་གཞུང་གིས་ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུད་སི་ལ་མགྲོན་འབོད་ཞུས་མེད་པར་མ་ཟད། ད་ལྟའི་ཆར་སུད་སི་གཞུང་གིས་རྒྱ་ནག་གཞུང་དང་ལྷན་འབྲེལ་ལམ་ཟབ་ཏུ་གཏོང་བཞིན་ཡོད། ང་ལ་མཚོན་ན་འདི་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད། ཅེས་སུད་སི་གྲོས་ཚོགས་འཐུས་མི་ལྕམ་ལི་ས་མ་ཛོ་ནེ་(Lisa Mazzone)མཆོག་གིས་གསུང་འདུག

དེ་ཡང་༢༠༡༨ ལོའི་ཟླ་ ༡༡ ཚེས་༢་ཉིན། སུད་སི་གྲོང་ཁྱེར་ཇི་ནི་ཝར་༼ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ༢༠༡༨ ལོའི་ཇི་ནི་ཝའི་ལྷན་ཚོགས༽་“Geneva Forum-2018: Forum on Human Rights Situation in Regions under the PRC.”ཞེས་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ཇི་ནི་ཝ་སྐུ་ཚབ་དོན་ཁང་གཉིས་ཟུང་སྦྲེལ་ཐོག་ནས་འགོ་སྒྲིག་ཞུས་ཡོད་པ་དང་། ཚོགས་འདུའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་མཁས་དབང་དང་། ཤེས་ལྡན་མི་སྣ། གཞུང་འབྲེལ་མི་སྣ། ཁྲིམས་རྩོད་པ། ལས་འགུལ་བ་སོགས་མགྲོན་འབོད་གནང་བ་ལྟར། བོད་དང་། ཡུ་གུར། ལྷོ་སོག་པོ། ཧོང་ཀོང་བཅས་ཀྱི་སྐུ་ཚབ་རྣམས་ཚོགས་འདུའི་ཐོག་ཕེབས་ཏེ་རྒྱ་ནག་གཞུང་གིས་རང་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པའི་སྐབས་དང་བསྟུན། བོད་དང་། ཡུ་གུར། ལྷོ་སོག་པོ། ཧོང་ཀོང་བཅས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་སྐོར་གསུང་བཤད་གནང་འདུག

ད་ཐེངས་ལྷན་ཚོགས་ཀྱི་དགོས་དམིགས་གཙོ་བོ་ནི། ༢༠༡༨ལོའི་ ཟླ་ ༡༡ ཚེས་ ༦ ཉིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བསྐྱར་ཞིབ་གནང་རྒྱུ་ཡིན་སྟབས། དེར་དམིགས་ནས་སྔོན་ཚུད་ནས་གནད་དོན་དེའི་སྐོར་གོ་རྟོགས་རྒྱ་ཆེན་སྤེལ་ཐབས་ཆེད་ཡིན་འདུག འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཚོས་དུས་བཀག་བསྐྱར་ཞིབ་གནང་རྒྱུའི་ཆ་རྐྱེན་དེ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུའི་ཐབས་ལམ་བཟང་པོ་ཞིག་ཡིན་འདུག

དེ་ནས་༢༠༡༨ ལོའི་ཇི་ནི་ཝའི་ལྷན་ཚོགས་ཐོག་ཕེབས་པའི་དམིགས་བསལ་སྐུ་མགྲོན་སུད་སི་གྲོས་ཚོགས་འཐུས་མི་ལྕམ་ལི་ས་མ་ཛོ་ནེ་(Lisa Mazzone) མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་ནས་བོད་མི་གནས་སྡོད་བྱེད་མཁན་མང་ཤོས་སུད་སི་རྒྱལ་ཁབ་ཆགས་ཡོད་ཀྱང་། སུད་སི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ཚིག་གཅིག་ཀྱང་མ་བཤད་པར་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ཆིངས་ཡིག་བཞག་པ་རེད། སུད་སི་གཞུང་གིས་ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུད་སི་ལ་མགྲོན་འབོད་ཞུས་མེད་པ་མ་ཟད། ད་ལྟའི་ཆར་སུད་སི་གཞུང་གིས་རྒྱ་ནག་གཞུང་དང་ལྷན་འབྲེལ་ལམ་ཟབ་ཏུ་གཏོང་བཞིན་ཡོད། ང་ལ་མཚོན་ན་འདི་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད་ཅེས་དང་། ཕྱོགས་མཚུངས་བོད་དོན་གཙོ་བོར་གྱུར་བའི་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བསྐྱར་གསོ་ཡོང་བར་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན། ཞེས་གསུངས། དེ་རྗེས་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི། འདས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ལ་བསྐྱར་ཞིབ་དང་། ད་ལྟ་བོད་དང་། ཡུ་གུར། ལྷོ་སོག་པོ། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་དཀའ་ངལ་འཕྲད་བཞིན་པ་དེར་མཉམ་འབྲེལ་རྒྱལ་ཚོགས་རང་གིས་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་དགོས་པ་སོགས་འབོད་སྐུལ་ཞུ་ཆེད་ཡིན་སྐོར་དང་དུས་བཀག་བསྐྱར་ཞིབ་ཀྱི་ཆ་རྐྱེན་དེའི་འོག་ནས་སྲིད་གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག་གིས་རྒྱ་ནག་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་ཐོག་རྩད་ཞིབ་དང་དྲི་བ་གཏོང་རྒྱུ་མཚོན་རྒྱ་ནག་གཞུང་གི་བྱེད་ཕྱོགས་ལ་སྐྱོན་འཛུགས་བྱ་རྒྱུའི་གོ་སྐབས་ཤིག་ཐོབ་པའི་ཆེད་དུ་ཡིན་ཞེས་གསུངས་འདུག

དེ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། རྒྱ་ནག་དམར་ཤོག་ཚོགས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ། དེ་བཞིན་འཛམ་གླིང་གི་ཕྱོགས་གང་སར་སླེབས་ཡོད་སྟབས། ཡང་ན་ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་འཕོ་འགྱུར་གཏོང་དགོས་པ་དང་། དེ་མིན་རྒྱ་ནག་དམར་ཤོག་ཚོགས་པས་ཁྱེད་ཚོ་འཕོ་འགྱུར་གཏང་ངེས་རེད། ཅེས་གསུངས་འདུག

ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་ལ་དུས་བཀག་བསྐྱར་ཞིབ་མཐའ་མ་དེ་༢༠༡༣ ལོར་བྱེད་སྐབས། དེ་སྔོན་གྱི་དུས་སྐབས་བསྐྱར་ཞིབ་ཐེངས་གཉིས་བྱེད་སྐབས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པ་དེ་དག་ཆ་ཤས་ཙམ་ཡང་ལག་བསྟར་བྱེད་མེད་པ་གསལ་རྟོགས་བྱུང་ཡོད། དེ་ནི་གཙོ་བོ་རྒྱལ་ཁབ་ཚང་མས་མཉམ་རུབ་མ་བྱས་པར་བརྟེན་རྒྱ་ནག་གཞུང་ལ་བློ་སྤོབས་དང་གདེང་ཚོད་རྙེད་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་ཤུགས་ཆེ་རུ་བཏང་སྟབས། གནས་སྟངས་དེ་བས་ཚབས་ཆེ་རུ་འགྲོ་བཞིན་ཡོད། ལྷག་པར་བར་ལམ་ནས་བཟུང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་སྲིད་གཞུང་ཁག་ལ་རྒྱ་ནག་གཞུང་གིས་སྔར་དང་མི་འདྲ་བར་འཛེམ་ཟོན་སྤངས་ནས་ཐད་ཀར་སྡིགས་སྐུལ་བཏང་བ་དང་། ཕར་རྒོལ་བྱེད་ཤུགས་ཆེ་རུ་བཏང་ཡོད། ཅེས་གསུངས།

དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས། དེ་སྔ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྐུ་ཚབ་ཚོགས་ཆུང་གི་འཐུས་མི་རྒྱ་ནག་ནང་དུ་རྟོག་ཞིབ་ཆེད་བསྐྱོད་རྒྱུར་རྒྱ་ནག་གཞུང་གིས་བསྟུད་མར་འགོག་རྐྱེན་བཟོས་པ་མ་ཟད། དུས་བཀག་བསྐྱར་ཞིབ་ཐེངས་གཉིས་བྱས་རྗེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་ཚོགས་ཆུང་ཐེངས་གཉིས་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་ཡོད། སྐབས་དེར་སྐུ་ཚབ་འཐུས་མི་རྣམས་ལ་རྒྱ་ནག་གཞུང་གིས་རང་མོས་ལྟར་ཕེབས་མ་བཅུག་པར་དམ་བསྒྲགས་ཆེན་པོ་བྱས་པ་དང་། ལྷག་པར་ཁོང་རྣམས་བོད་ནང་རྩ་བ་ནས་ཕེབས་མ་བཅུག་པ་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྐུ་ཚབ་འཐུས་མི་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་ཆོག་པའི་སྙན་ཞུ་ཐེངས་བཅོ་ལྔ་ཙམ་བཏང་ཟིན་ཡང་ད་བར་རྒྱ་ནག་གཞུང་གིས་ཞུ་སྙན་དེ་དག་ལ་ཡ་ལན་རྩ་བ་ནས་མ་བྱས་པར་བརྟེན་རེ་འདུན་དེ་དག་དེ་མུར་ལུས་ཡོད།

རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་དེ་དག་གིས་དངོས་ཡོད་གནས་སྟངས་རྟོག་ཞིབ་མ་ཐུབ་པ་དེ་སྲིད་དུ་རྒྱ་ནག་གཞུང་གིས་བཤད་པའི་སྐད་ཆར་ཡིད་ཆེས་བྱེད་དཀའ་བ་ཞིག་རེད། ལྷག་པར་བོད་དང་ཡུ་གུར། ལྷོ་སོག་བཅས་ཀྱི་མི་མང་ཐོག་དམ་བསྒྲགས་དང་སྡུག་སྦྱོང་མནར་གཅོད་ཇི་ཙམ་བྱེད་བཞིན་ཡོད་མེད་དེ་བས་ཤེས་རྟོགས་དཀའ་བ་ཞིག་ཡིན། དེར་བརྟེན་ད་ཐེངས་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་གོ་སྐབས་འདི་བརྒྱུད་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཚོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ངོ་མ་ཇི་ཡིན་གསལ་རྟོགས་ཐུབ་ཐབས་གནང་དགོས་པ་གལ་འགངས་ཧ་ཅང་ཆེ། དེ་བརྒྱུད་འབྲེལ་ཡོད་རྒྱལ་ཁབ་ཚོས་དེང་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་ནང་དུ་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་དེ་དག་སེལ་ཐབས་གནང་དགོས། ཞེས་གསུངས།

དེ་ཡང་ལྷན་ཚོགས་ཐོག་ཆབ་སྲིད་བཙོན་ཟུར་གྲྭ་མགོ་ལོག་འཇིགས་མེད་ལགས་ཀྱིས་གསུང་བཤད་གནང་དོན། ང་ལ་མཚོན་ན་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་དང་སྲུང་སྐྱོབ་བྱེད་མཁན་ཞིག་དང་། གློག་བརྙན་བཟོ་མཁན་ཞིག་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་འོག་མནར་གཅོད་གང་མང་མྱངས་པའི་བཙོན་ཟུར་ཞིག་ཀྱང་ཡིན། ངས་གློག་བརྙན་བཟོ་དགོས་དོན་ནི། རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་དང་རྒྱལ་ཁབ་སོ་སོར་མགོ་སྐོར་བཏང་ནས་བོད་ཀྱི་རིག་གཞུང་དང་། དཔར་འབྱོར། ཁོར་ཡུག་བཅས་པར་ཧ་ཅང་ཡར་རྒྱས་བཏང་ཡོད་ཅེས་དྲིལ་བསྒྲགས་རྫུན་མ་མང་པོ་བྱས་པ་དང་། ཕྱི་ལོ་ ༢༠༠༨ ལོའི་ཨོ་ལེམ་རྩེད་འགྲན་སླད་དྲིལ་བསྒྲགས་རྫུན་མ་མང་པོ་སྤེལ་བ་རེད། འོན་ཀྱང་འཇིགས་བྲལ་གློག་བརྙན་ནང་བོད་ཀྱི་དངོས་ཡོད་གནས་སྟངས་གང་ཡིན་པ་གསལ་པོར་བསྟན་ཡོད། འཇིགས་བྲལ་ཞེས་པའི་དངོས་ཡོད་གློག་བརྙན་བཟོས་པ་ལ་བརྟེན་ནས་ཕྲན་རང་ཐེངས་གསུམ་འཛིན་བཟུང་བྱས་པ་རེད། ༢༠༠༨ལོའི་ ཟླ་ ༣ ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་པོ་ཡོང་ནས་ང་ཐེངས་དང་པོ་དང་། ༢༠༠༩ ལོར་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་གྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་ཐེངས་གཉིས་པ་བྱས་པ་རེད། ༢༠༡༢ལོའི ཟླ་ ༩ ཚེས་ ༢༢ ཉིན་ང་འཛིན་བཟུང་ཐེངས་གསུམ་པ་བྱས་པ་དང་། བཙོན་འཇུག་བྱས་པའི་རིང་། མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང་ཡོད་པའི་སྐོར་གསུངས་ཡོད་དང་།

དེ་རྗེས་ ༢༠༡༤ ཟླ་ ༥ ཚེས་ ༡༨ ཉིན་བཞུགས་སྒར་རྡ་སར་འབྱོར་བ་དང་། ༢༠༡༥ ལོའ་ཕྱི་ཟླ་ ༡ ནང་སུད་སིར་འབྱོར་བ་རེད། འདས་པའི་ལོ་གསུམ་རིང་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་དང་། གྲོས་ཚོགས། མི་མང་། སློབ་ཕྲུག དེ་བཞིན་ཨ་རི་དང་ཨོ་སི་ཊོ་ལི་ཡ་ལ་སོགས་པའི་རྒྱལ་ཁབ་སོ་སོར་བོད་དོན་ཞུ་གཏུག་དང་བོད་དོན་ལས་འགུལ་སླད་གོ་སྐབས་གང་ཡོད་སར་ཕྱིན་ནས་ལས་འགུལ་སྤེལ་དང་སྤེལ་མུས་ཡིན། དེ་རེས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་འཚོགས་ཀྱི་ཡོད། དེ་སྔ་ཡིན་ནའང་བསྐྱར་ཞིབ་ཐེངས་ཁ་ཤས་བྱས་ཡོད་ནའང་འདོད་བློ་ཁེངས་པ་ཞིག་བྱུང་མེད། དེར་བརྟེན་ད་ཐེངས་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་གོ་སྐབས་འདི་བརྒྱུད་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཚོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ངོ་མ་ཇི་ཡིན་གསལ་རྟོགས་ཐུབ་ཐབས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་ནང་དུ་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་དེ་དག་སེལ་ཐབས་གནང་རོགས། ཞེས་འབོད་སྐུལ་དང་རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཡོངས་ཀྱི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།