24
Wed, Apr

༢༠༡༨ལོའི་ཟླ་༡༠་ཚེས་༢༤་ཉིན་ཞི་བདེ་བསྐྲུན་ཐབས་ཀྱི་བགྲོ་གླེང་ཐེངས་གསུམ་པ་ཐོག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༸གོང་ས་མཆོག་གིས་ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་སྐབས་འདིར་ཡང་དཀའ་ངལ་རྣམས་དྲག་པོའི་སྟོབས་ཤུགས་ཐོག་ནས་སེལ་ཐུབ་རྒྱུ་རེད་བསམ་པའི་ཡིད་ཆེས་བྱེད་བཞིན་འདུག བསམ་ཚུལ་དེ་མཐའ་གཅིག་ཏུ་ནོར་འཁྲུལ་རེད། ད་ལྟ་དུས་རབས་ནི་ ༢༡ འགོ་སྟོད་རེད། འཛམ་གླིང་གི་དངོས་ཡོད་གནས་སྟངས་དེ་སྔ་ལས་རྦད་དེ་འགྱུར་ཟིན་པ་རེད། རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་དང་གོ་ལའི་ཁོར་ཡུག་གི་གནས་སྟངས་ལ་མཚོན་ན་རྒྱལ་མཚམས་མེད། དེར་བརྟེན་འཛམ་གླིང་མི་འབོར་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་ལ་དཀའ་ངལ་དེ་དག་གཅིག་མཚུངས་སུ་འཕྲད་བཞིན་ཡོད་ཅེས་ཞི་བདེ་བསྐྲུན་ཐབས་ཀྱི་བགྲོ་གླེང་ཐེངས་གསུམ་པའི་ཐོག་བཀའ་སྩལ།

དེ་ཡང་༢༠༡༨ལོའི་ ཟླ་ ༡༠ ཚེས་ ༢༤ ཉིན། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་མཇལ་འཕྲད་ཁང་དུ་ཨ་རིའི་ཞི་བདེ་བསྟི་གནས་ཁང་(Unites States Institute of Peace)གིས་གོ་སྒྲིག་ཞུས་པ་ལྟར་ཞི་བདེ་བསྐྲུན་ཐབས་ཀྱི་བགྲོ་གླེང་ཐེངས་གསུམ་པ་དེ་ཚོགས་ཡོད་པ་དང་། རྒྱལ་ཁབ་འདྲ་མིན་ནས་ཚོགས་བཅར་བ་ཁྱོན་མི་གྲངས་༤༥་ཕེབས་ཡོད་འདུག

ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་མཛད། དེ་རྗེས་ཚོགས་བཅར་བ་ཚོས་རེ་རེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ངོ་སྤྲོད་ཞུས་བསྟུན་ཐོག་མར་མགོན་པོ་གང་ཉིད་ཀྱིས་བཀའ་སློབ་སྩལ་དོན། ཐོག་མར་ངོས་ཀྱིས་གོ་སྒྲིག་ཚོགས་ཆུང་གིས་ད་བར་ཞི་བདེའི་ལྷན་ཚོགས་ཐེངས་གསུམ་གོ་སྒྲིག་གནང་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་བརྗོད་ན་དུས་ཚོད་ནི་རྟག་ཏུ་འགྱུར་བའི་རང་བཞིན་རེད། དུས་ཚོད་རྟག་པ་བྱས་ནས་སྡོད་རྒྱུ་མེད། དུས་འདས་པ་དེ་ཡོལ་ཟིན་སྟབས་དེར་འགྱུར་བ་གཏོང་རྒྱུ་གང་ཡང་མེད། དེར་བརྟེན་རེ་བ་རྒྱག་ས་གཅིག་ཁོ་ན་ཡོད་པ་ནི་མ་འོངས་པའི་དུས་དེ་ཡིན། དེར་བརྟེན་ད་ལྟའི་གཞོན་སྐྱེས་ཚོར་མ་འོངས་པར་འཛམ་གླིང་གི་གནས་སྟངས་ཇི་འདྲ་ཞིག་བཟོ་རྒྱུའི་ཐད་གོ་སྐབས་ཡོད་པ་ལྟ་བུ་ཞིག་རེད། ང་ཚོས་དུས་རབས་ ༢༠ ལ་ཕྱིར་བལྟས་བསློགས་པ་ཡིན་ན་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་དང་། ཝི་ཏི་ནམ་དམག་འཁྲུག ཨུ་རུ་སུ་དང་རྒྱ་ནག་དབར་དམག་འཁྲུག་བྱུང་བ་སོགས་ལ་བརྟེན། ལོ་རྒྱུས་སྨྲ་བ་ཁག་གཅིག་གིས་བརྗོད་པ་ལྟར་ན་དམག་འཁྲུག་དེ་དག་ཁྲོད་མི་གྲངས་ས་ཡ་ཉིས་བརྒྱའི་ཚེ་སྲོག་ཤོར་བ་དང་། དམག་འཁྲུག་སྐབས་གཏོར་བཤིག་ཚབས་ཆེ་ཡོང་བཞིན་པ་ནི་ཆོས་ཉིད་རེད་ཅེས་གསུངས།

ངོས་ཀྱིས་དེ་སྔ་ཉི་ཧོང་གི་ཧི་རོ་ཤི་མ་དང་ན་ག་ས་ཀིའི་འགྲེམས་སྟོན་མཐོང་བྱུང་། ཧ་དགོས་པའི་གནས་སྟངས་ཤིག་འདུག ད་ལྟ་དུས་རབས་ཉིས་བཤུ་རྩ་གཅིག་སྐབས་འདིར་ཡང་དཀའ་ངལ་རྣམས་དྲག་པོའི་སྟོབས་ཤུགས་ཐོག་ནས་སེལ་ཐུབ་རྒྱུ་རེད་བསམ་པའི་ཡིད་ཆེས་བྱེད་བཞིན་འདུག བསམ་ཚུལ་དེ་མཐའ་གཅིག་ཏུ་ནོར་འཁྲུལ་རེད། ད་ལྟ་དུས་རབས་ ༢༡ འགོ་སྟོད་རེད། འཛམ་གླིང་གི་དངོས་ཡོད་གནས་སྟངས་དེ་སྔ་ལས་རྦད་དེ་འགྱུར་ཟིན་པ་རེད། རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་དང་གོ་ལའི་ཁོར་ཡུག་གནས་སྟངས་ལ་མཚོན་ན་རྒྱལ་མཚམས་མེད། དེར་བརྟེན་འཛམ་གླིང་མི་འབོར་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་ལ་དཀའ་ངལ་དེ་དག་གཅིག་མཚུངས་སུ་འཕྲད་བཞིན་ཡོད།

ཕྱོགས་མཚུངས་འཕྲུལ་ཆས་ཡར་རྒྱས་ཕྱིན་པར་བརྟེན་ད་ཆ་འཛམ་གླིང་ས་གནས་གང་དུ་གནས་ཚུལ་གང་བྱུང་བ་རྣམས་ལམ་སེང་ཕྱོགས་བཞི་ཀུན་ལ་ཁྱབ་ཐུབ་བཞིན་ཡོད། དེར་བརྟེན་གཞི་རྩའི་འགྲོ་བ་མི་རིགས་ཡོངས་རྫོགས་གཅིག་གྱུར་གྱི་འདུ་ཤེས་སྐྱེ་ཐུབ་པའི་གནས་སྟངས་ཤིག་ཡོད། སྤྱིར་ང་ཚོའི་རྒྱུད་ལ་འགྲོ་བ་མི་རིགས་ཡོངས་རྫོགས་གཅིག་གྱུར་ཡིན་བསམ་པའི་འདུ་ཤེས་སྐྱེ་རྒྱུའི་མ་རྩ་ཞིག་རང་ཆས་སུ་ཡོད། འབྱུང་འགྱུར་འཛམ་གླིང་ཞི་བདེ་བརྟན་ལྷིང་ལྡན་པ་ཞིག་དགོས་ཚེ་ཐོག་མར་རྙོག་གྲ་བཟོ་མཁན་སུ་ཡིན་རྩད་གཅོད་བྱེད་དགོས། རྙོག་གྲ་དེ་དག་སུས་བཟོས་པ་རེད།

དམག་འཁྲུག་དེ་དག་དུད་འགྲོས་བཟོས་པ་མ་རེད། མིས་བཟོས་པ་རེད། འོན་ཀྱང་ཚན་རིག་པ་ཁག་གཅིག་གིས་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་བརྟག་དཔྱད་ཀྱི་ལམ་ནས་ར་འཕྲོད་བྱུང་ཡོད། ང་ཚོ་ཚང་མ་ཐོག་མར་མའི་མངལ་ནས་སྐྱེས་ཙམ་ཉིད་ནས་མའི་བྱམས་བརྩེ་ལ་བརྟེན་དགོས་པ་ཆགས་ཡོད། དེར་བརྟེན་ང་ཚོ་ཚང་མའི་རྒྱུད་ལ་བྱམས་བརྩེའི་ས་བོན་དེ་སྐྱེས་ཙམ་ཉིད་ནས་རང་ཆས་སུ་ཡོད། རང་གི་གཉེན་ཉེ་འཁོར་ཙམ་ལ་བརྩེ་བ་དེ་འདོད་ཆགས་དང་འབྲེལ་ནས་ཡོད་སྟབས་བྱམས་བརྩེ་ཡང་དག་པ་ཞིག་མིན། རང་དང་འདྲ་བར་མི་གཞན་ཚོས་ཀྱང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པའི་བསམ་བློ་འཁོར་ཐུབ་ཚེ་བྱམས་བརྩེ་ཡང་དག་པ་ཆགས་ཡོད། དེའི་ཐོག་ནས་ཤེས་རབ་ཀྱི་གྲོགས་དང་བཅས་རང་གཅེས་འཛིན་གྱི་སྐྱོན་དང་ཉེས་དམིགས། གཞན་གཅེས་འཛིན་གྱི་ཡོན་ཏན་སོགས་ལ་བསམ་བློ་གཏོང་དགོས་ཞེས་བཀའ་སློབ་ལམ་སྟོན་གནང་།

དེ་རྗེས་གཞོན་སྐྱེས་མགོ་ཁྲིད་རྣམས་ཀྱིས་རིམ་པར་སོ་སོའི་ལོ་རྒྱུས་དང་རང་ཡུལ་དུ་ལས་འགུལ་སྤེལ་བའི་སྐོར་ནས་ངོ་སྤྲོད་མདོར་བསྡུས་རེ་བྱས་པ་དང་འབྲེལ་ལས་འགུལ་སྤེལ་སྐབས་རྒན་རབས་པ་དང་ཤེས་ཡོན་ཅན་ཚོས་རྒྱབ་སྐྱོར་མེད་པ་དང་། སེམས་ཤུགས་ཆགས་པ་ལ་གདོང་ལེན་ཅི་ལྟར་བྱེད་དགོས་པ། མགོན་པོ་གང་ཉིད་མཆོག་ལ་སེམས་ཤུགས་ཆགས་པའི་གནས་སྟངས་བྱུང་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། གཞུམ་སེམས་སྐྱེས་ཚེ་ཕོངས་པ་ལས་མི་ཐར་བས་གནས་ཚུལ་གང་ཡིན་ཡང་རེ་བ་མ་བརླག་པ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ལ་རྒྱ་ཆེ་ས་ནས་བལྟས་ཏེ་དངོས་ཡོད་གནས་ཚུལ་ཤེས་རྒྱུ་གལ་ཆེ་བ་དང་། དངོས་ཡོད་གནས་ཚུལ་ཤེས་ཚེ་གུ་ཡངས་པོ་ཆགས་ཐུབ་པས་སེམས་རྒྱ་བསྐྱེད་ཐུབ་པ་ཡིན། སེམས་ཤུགས་མི་ཆགས་པའི་གནད་འགག་གཙོ་བོ་ནི་ཁྱོན་ཡོངས་ནས་བལྟ་སྟངས་ཤེས་དགོས་པ་དེ་ཡིན། ཞེས་དང་།

བོད་ཀྱི་གནས་སྟངས་ལའང་མཚོན་ནའང་། ང་ཚོ་བཙན་བྱོལ་དུ་ཐོག་མར་འབྱོར་མ་ཐག་འབྲེལ་བ་འཛིན་མཁན་ནམ་ཡ་བྱེད་མཁན་མང་པོ་མེད་པ་དང་། སྐབས་དེར་ང་ཚོས་སོ་སོའི་རིག་གཞུང་ལ་བདག་པོ་བརྒྱབ་སྟེ་དང་པོ་སྲུང་སྐྱོབ་བྱས་པ་དང་། རིམ་པས་ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་ཏུ་ཐེངས་དང་པོར་ཕྱིན་པ་ནས་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཤེས་པས་སེམས་ཤུགས་བསྐྱེད་པ་སོགས་སོ་སོའི་ལས་ཀར་རིན་ཐང་མཐོང་བའི་ཐོག་ནས་འཇུག་པ་ཡིན་ན་སེམས་ཤུགས་མི་ཆགས་པའི་སྐོར་བཀའ་སྩལ་བ་དང་།

གཞན་ཡང་། སོ་སོ་གཅིག་པུའམ་རང་དོན་ཁོ་ནའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་ཕན་ཐོགས་མེད་པས། འགྲོ་བ་མི་གཅིག་མཚུངས་ཀྱི་འདུ་ཤེས་ཐོག་ནས་སྤྱི་ཚོགས་ཡོངས་ལ་ཞབས་འདེགས་སྒྲུབ་པ་ཡིན་ན་རྣམ་དཔྱོད་ཅན་གྱི་རང་དོན་སྒྲུབ་སྟངས་ཡིན་པ་དང་། རང་གཅིག་པུའི་དོན་ཁོ་ན་གཉེར་ཚེ་ཕྲག་དོག་དང་ཁོང་ཁྲོ་སོགས་མ་སྐྱིད་པ་མང་པོ་ཡོང་ངེས་ཡིན་པས་རང་དོན་སྒྲུབ་ནའང་། རྣམ་དཔྱོད་ཅན་གྱི་གཞན་དོན་སྒྲུབ་ཚེ་རང་དོན་ཞོར་ནས་འགྲུབ་ཡོང་བ་སོགས་ལམ་སྟོན་བཀའ་སློབ་སྩལ་བ་དང་།

རྒྱལ་ཁབ་ ༡༢ ་ནི་ཨབ་གྷ་ནི་སི་ཐན། (Afghanistan) དབུས་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ། (Central African Republic) ཁོ་ལིམ་བྷེ་ཡ། (Colombia) དབྱི་རག (Iraq) ལེ་བྷེ་ཡ། (Libya) ནའེ་མཱར། (Myanmar) ནེ་གྷེ་རེ་འ། Nigeria སོ་མ་ལེ་འ། (Somalia) ལྷོ་སུའུ་ཏན། Sout Sudan སོ་རུ་ཡ། Syria ཊོ་ནེ་ཞེ་ཡ།(Tunisia) ཝེ་ནི་ཛུ་ལ། (Venezuela) བཅས་ནས་ཕེབས་པའི་གཞོན་སྐྱེས་ཞི་བདེའི་མགོ་ཁྲིད་ ༣༢ གྱིས་གཙོས་ཨ་རིའི་ཞི་བདེའི་བསྟི་གནས་ཁང་གི་བསམ་བློའི་སློབ་སྟོན་པ་མི་གྲངས་ ༧ དང་། གཞན་ཡང་། བསྟི་གནས་ཁང་གི་གཙོ་འཛིན་ Nancy Lindborg ལགས་གཙོས་དེ་གའི་ལས་བྱེད་ ༨ བཅས་བསྡོམས་པའི་མི་གྲངས་ ༤༥ ལ་མི་སྒེར་གྱི་དཀའ་ངལ་ལ་གདོང་ལེན་དང་སེམས་ཀྱི་ཞི་བདེའི་སྐོར་དང་། སྤྱི་ཚོགས་ཀྱི་མཐུན་ལམ་དང་ལྟ་བ་མི་འདྲ་བའི་དབར་འབྲེལ་མཐུད་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལམ་སྟོན་བགྲོ་གླེང་ཞུས་ཡོད་པ་རེད།