20
Sat, Apr

རྒྱ་གར་དང་ཨུ་རུ་སུའི་དམག་དོན་མཉམ་འབྲེལ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

རྒྱ་གར་ནག་གཉིས་ཀྱི་དམག་མི་འབྲོག་ལམ་ས་ཁུལ་ནས་གདོང་ཐུག་བྱུང་བའི་རྗེས་ནས། རྒྱ་གར་གྱིས་ཨུ་རུ་སུའི་དམག་སྡེ་ལ་མཉམ་འབྲེལ་བྱས་ཏེ། ཨུ་རུ་སུའི་དམག་དཔུང་གི་དྲག་ཆས་ཉོས་པ་དང་། ཨུ་རུ་སུའི་དམག་དཔུང་དང་ལྷན་དུ་དམག་སྦྱོང་ལ་སོགས་བྱེད་པའི་གྲ་སྒྲིག་གནང་བར་བརྟེན། སྲིད་དོན་དཔྱད་བརྗོད་པ་ཚོ་ལྟར་ན། ཨུ་རུ་སུའི་བྱང་ཕྱོགས་ཀྱི་དམག་དཔུང་གིས་རྒྱ་ནག་ལ་ཚོད་འཛིན་བྱེད་འཆར་ཡོད་སྐོར་བརྗོད་ཀྱི་འདུག

དེ་ཡང་། ༢༠༡༨ལོའི་ཟླ་༡༠ཚེས་༡༦ཉིན། ཨུ་རུ་སུ་ཤར་ཕྱོགས་དམག་ཁུལ་ནས་གནས་ཚུལ་ཁྱབ་པ་ལྟར་ན། ཨུ་རུ་སུ་ཤར་ཕྱོགས་དམག་ཁུལ་ནས་རྒྱ་གར་ལ་ཐན་ཁེ་དང་འབར་རྫས་ཀྱིས་མཚོན་པའི་གོ་མཚོན་སྣ་ཚོགས་ཤིག་བཏང་ཡོད་པར་མ་ཟད། ད་དུང་ཟླ་༡༡པའི་ནང་དུ་རྒྱ་གར་ནས་མཉམ་འབྲེལ་གྱིས་དམག་སྦྱོང་གནང་འཆར་ཡང་ཡོད་པའི་སྐོར་གྱི་གནས་ཚུལ་ཐོན་འདུག

གནས་ཚུལ་ཐོས་པ་ལྟར་ན། ཐེངས་འདིའི་རྒྱ་གར་དང་ཨུ་རུ་སུའི་མཉམ་འབྲེལ་དམག་སྦྱོང་དེ་ནི། ཟླ་༡༡ཚེས་༡༨ནས་༢༨བར། ཁྱོན་ཉིན་བཅུའི་རིང་ལ་རྒྱ་ནག་དང་ཁ་ཐག་ཉེ་བའི་རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་ནས་གནང་འཆར་འདུག་ཅིང་། ཚོད་དཔག་ལྟར་ན། དམག་མི་༥༠༠དམག་སྦྱོང་དེར་ཞུགས་རྒྱུ་ཡིན་འདུག ཨུ་རུ་སུའི་དམག་མི་དང་གོ་མཚོན་རྣམས་རྒྱ་ནག་བརྒལ་ཏེ་རྒྱ་གར་གྱི་གནམ་ཐང་དུ་ཡོང་རྒྱུ་ཡིན་པ་དང་། དམག་སྦྱོང་སྐབས་ཀྱི་གོ་མཚོན་རྣམས་རྒྱ་གར་གྱིས་མཁོ་སྤྲོད་གནང་རྒྱུ་རེད་འདུག

ཨུ་རུ་སུའི་དམག་སྡེ་ནས་ཐེངས་འདིའི་མཉམ་འབྲེལ་དམག་སྦྱོང་དེ་ནི་ཕྱོགས་གཉིས་ཀས་མཉམ་འབྲེལ་གྱིས་དམག་སྦྱོང་བྱས་ཏེ་དགྲ་བོ་ཕམ་པར་རྒྱག་དགོས་པའི་སྐོར་བརྗོད་ཀྱིན་འདུག་ཅིང་། དམག་སྦྱོང་གི་ལས་རིམ་ཁྲོད་དུ་གཏམ་བཤད་དང་མེ་མདའ་རྒྱག་པ། གོ་མཚོན་དང་དམག་དོན་ལག་རྩལ་སྟོན་པ། ལུས་རྩལ་ལ་སོགས་ཡོད་འདུག དེ་ནས་ཨུ་རུ་སུའི་དམག་སྡེའི་སྐུ་ཚབ་ལོ་མན་ཁོ་ཐོ་ཙོ་ཧྥི་ཡིས་ཨུ་རུ་སུ་དང་རྒྱ་གར་གཉིས་ཀྱིས་མཉམ་འབྲེལ་གྱིས་དམག་སྦྱོང་བྱེད་པ་འདིའི་ཐད་ནས་བརྗོད་དོན། རྒྱ་གར་དང་ཨུ་རུ་སུ་གཉིས་ཀྱིས་མཉམ་འབྲེལ་གྱིས་དམག་སྦྱོང་བྱེད་པར་བརྟེན་ནས། མཉམ་འབྲེལ་དམག་ཐབས་ཀྱི་འཆར་གཞི་ཇེ་ལེགས་སུ་གཏོང་བ་དང་། མཉམ་འབྲེལ་གྱིས་ཕན་ཚུན་ལ་རོགས་རམ་བྱེད་ཐབས་ཀྱི་སྐོར་ནས་སྦྱོང་བརྡར་བྱེད་ཀྱི་ཡིན། ཞེས་བརྗོད་འདུག

ཐེངས་འདིའི་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་འདི་ནི། ༢༠༡༨ལོའི་ཟླ་༡༠ཚེས་༥ཉིན། ཨུ་རུ་སུའི་སྲིད་འཛིན་པུ་ཌིན་རྒྱ་གར་དུ་མཚམས་གཟིགས་སུ་ཕེབས་ཏེ། རྒྱ་གར་སྲིད་བློན་མོ་ཏེ་དང་མཇལ་སྐབས་ཕྱོགས་གཉིས་ནས་ཐག་གཅོད་གནང་ཡོད་པ་ཞིག་ཡིན་པར་བརྗོད་ཅིང་། ད་དུང་། པུ་ཌིན་དང་མོ་ཏེ་གཉིས་ཀྱིས་ནན་གྱིས་འདི་ལྟར་བརྗོད་དོན། ཨུ་རུ་སུ་དང་རྒྱ་གར་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་འདི་ནི། རྒྱལ་ཁབ་གཉིས་ཀྱི་དམག་དོན་འབྲེལ་བའི་ཐོག་ནས་ཆ་ཤས་གལ་ཆེན་ཞིག་ཡིན་ཞེས་བརྗོད་འདུག གཞན་ཡང་། ཟླ་༡༢པའི་ནང་རྒྱལ་ཁབ་གཉིས་ཀྱིས་དམག་དོན་ལག་རྩལ་མཉམ་འབྲེལ་བྱས་པའི་སྲིད་གཞུང་དང་ལྷན་དུའང་མཇལ་འཕྲད་གནང་འཆར་ཡོད་སྐོར་བརྗོད་འདུག

རྒྱ་གར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་ནི་རྩོད་རྙོག་རྙིང་པ་ཞིག་ཡིན། དེ་ཡང་༡༩༦༢ལོར་རྒྱ་གར་ནག་གཉིས་ཀྱི་བར་ལ་ས་མཚམས་རྩོད་རྙོག་གི་དམག་འཁྲུག་བྱུང་། དམག་འཁྲུག་དེའི་སྐབས་སུ་རྒྱ་གར་ལ་བརྙས་བཅོས་ཆེན་པོ་ཐེབས་ཡོད། དེ་ནས་ཉེ་ལམ་ཡང་རྒྱ་གར་ནག་གཉིས་ཀྱི་དམག་མི་གདོང་ཐུག་བརྒྱབ་པའི་གནས་ཚུལ་གསར་པ་ཞིག་བྱུང་ཡོད་ཅིང་། དེ་ནི་༢༠༡༧ལོའི་ཟླ་༦ཚེས་༡༨ནས་ཟླ་༨པའི་ཚེས་༢༨བར། ཧ་ལམ་ཟླ་གཉིས་ཀྱི་རིང་ལ་འབྲོག་ལམ་ནས་རྒྱ་གར་ནག་གི་དམག་མི་གདོང་ཐུག་བྱུང་བ་དེ་ཡིན། སྐབས་དེར། རྒྱ་ནག་གིས་གཞི་རྒྱ་ཆེ་བའི་དམག་སྦྱོང་བྱས་ཤིང་། ཕྱོགས་གཉིས་ཀའི་འབྲེལ་བ་ཛ་དྲག་ཏུ་གྱུར།

དེའི་རྗེས་ནས། རྒྱ་གར་གྱིས་རྒྱ་ནག་བྱང་ཕྱོགས་ཀྱི་ཁྱིམ་མཚེས་སུ་གྱུར་ཡོད་པའི་ཨུ་རུ་སུའི་དམག་སྡེ་དང་མཉམ་འབྲེལ་བྱས་ཤིང་། དེའི་ཐད་ལ་སྲིད་དོན་དཔྱད་བརྗོད་པས་འདི་ལྟར་བརྗོད་ཀྱིན་འདུག ཨུ་རུ་སུ་དང་མཉམ་འབྲེལ་བྱས་ཏེ་རྒྱ་ནག་ལ་ཁ་གཏད་བྱེད་པའི་རྒྱ་གར་གྱི་ཐབས་ཇུས། ཞེས་འབོད་ཀྱིན་འདུག ཨུ་རུ་སུ་ཡིས་རྒྱ་གར་ལ་སྔོན་ཐོན་ཅན་གྱི་གོ་མཚོན་མཁོ་སྤྲོད་བྱས་ཤིང་། དཔེར་ན། རྣམ་པ་གསར་པའི་S-400རྟགས་ཅན་གྱི་བར་སྣང་འཕུར་མདའ་འགོག་ཆས། རྣམ་པ་གསར་པ་ཅན་གྱི་T-14རྟགས་ཅན་གྱི་ཐན་ཁེ། ད་དུང་ཐད་འཕུར་གནམ་གྲུ་ལ་སོགས་ཀྱི་སྔོན་ཐོན་གྱི་གོ་མཚོན་མང་པོ་མཁོ་སྤྲོད་བྱས་ཏེ་རྒྱ་གར་གྱི་དམག་ཤུགས་མཐོར་འདེགས་བྱས་འདུག ཨུ་རུ་སུའི་སྲིད་འཛིན་པུ་ཌིན་ཟླ་༡༠པའི་ནང་རྒྱ་གར་དུ་ཕེབས་སྐབས། ཨ་སྒོར་དུང་ཕྱུར་༡༠༠ལྷག་གི་དམག་དཔུང་དྲག་ཆས་གྲོས་གཞིའི་ཐད་ལ་མཚན་རྟགས་བཀོད་འདུག

སྲིད་དོན་དཔྱད་བརྗོད་པ་ཁ་ཤས་ཀྱིས་བརྗོད་ན། ཨུ་རུ་སུ་དང་རྒྱ་གར་གཉིས་ཀྱི་དམག་དོན་མཉམ་འབྲེལ་བྱེད་པ་འདི་ནི། ཆབ་སྲིད་ཀྱི་ཐོག་ནས་བཤད་ན། ཨུ་རུ་སུ་ཡིས་རྒྱལ་ཁའི་ངང་ནས་རྒྱ་གར་ཡང“ཧྲང་ཧེ་མཉམ་འབྲེལ་ཚོགས་པ”རུ་འཐེན་ཏེ། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀའི་དགྲ་ཕྱོགས་ཀྱི་རྣམ་པ་དེ་སྙོམས་པོར་བཟོས་ཡོད་སྐོར་བརྗོད་ཀྱིན་འདུག ཡང་འདི་ལྟར་བརྗོད་ཆོག་སྟེ། ཕྱི་ཚུལ་ནས་ཨུ་རུ་སུ་དང་རྒྱ་གར་གཉིས་ཀྱིས་རྒྱ་ནག་དང་མཉམ་འབྲེལ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་འདུག་ཀྱང་། རྒྱ་ནག་ལ་ཚོད་འཛིན་བྱེད་ཀྱི་ཡོད་པའི་ཐད་ནས། ཨུ་རུ་སུ་དང་རྒྱ་གར་གཉིས་ལངས་ཕྱོགས་གཅིག་ཏུ་གནས་ཡོད་འདུག