16
Tue, Apr

རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་སུ་འདེམ་ཐོན་བྱུང་།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༠ཚེས་༡༢ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་ནས། རྒྱ་གར་ནི་༢༠༡༩ཡི་ཟླ་དང་པོའི་ཚེས་གསུམ་ནས་ལོ་གསུམ་གྱི་རིང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་སུ་འདེམ་ཐོན་བྱུང་འདུག་ཅིང་། སྤྱིའི་འོས་གྲངས་༡༩༣གྱི་ནང་ནས་རྒྱ་གར་ལ་འོས་ཤོག་༡༨༨ཀྱི་ཚད་མཐོ་བའི་འོས་ཤོག་ཐོབ་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཞེས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་གི་ལས་ཁུངས་ཤིག་ཡིན་ཞིང་། ༢༠༠༦གི་ལོར་གསར་དུ་བཙུགས་པ་ཞིག་ཡིན། ལས་ཁུངས་དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་དར་སྤེལ་བྱེད་པ་དེ་ཡིན་ཞིང་། ལྷན་ཚོགས་དེར་ཚོགས་མི་༤༧ཡོད་ཅིང་། ཚོགས་མི་དེ་དག་ཀྱང་འཛམ་བུ་གླིང་གི་ས་བབ་ལ་གཞི་བཞག་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་འདེམ་དགོས་པ་ཞིག་ཡིན། དེ་ཡང་ས་བབ་ཆེན་པོ་ལྔར་གཞི་བཞག་སྟེ་ལྷན་ཚོགས་དེའི་ཚོགས་མི་འདེམ་གྱི་ཡོད་ཅིང་། ས་བབ་ཆེན་པོ་ལྔ་ནི། ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ལ་ས་མིག་༡༣དང་། ཨེ་ཤེ་ཡ-ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཁག་ལ་ས་མིག་༡༣། ཤར་ཡུ་རོབ་རྒྱལ་ཁབ་ཁག་ལ་ས་མིག་༦། ལ་ཌིན་ཨ་མེ་རི་ཁ་དང་ཁ་རི་བྷེན་རྒྱལ་ཁབ་ཁག་ལ་ས་མིག་༨། ནུབ་ཡུ་རོབ་རྒྱལ་ཁབ་ཁག་དང་རྒྱལ་ཁབ་གཞན་དག་ལ་ས་མིག་༧བཅས་ཡོད་འདུག

དེ་ཡང་། རྒྱལ་ཁབ་གང་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་སུ་སླེབས་མིན་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་ནས་རྒྱལ་ཁབ་༡༩༣་གྱི་རྒྱབ་སྐྱོར་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད། ཚོགས་མི་གསར་པ་༡༨ནི་འོས་ཤོག་གི་ལམ་ནས་འདེམ་གྱི་ཡོད་ཅིང་། རྒྱལ་ཁབ་གང་ཞིག་ལྷན་ཚོགས་དེར་འདེམ་ཐོན་བྱུང་དགོས་ན། ཉུང་མཐའ་ཡང་རྒྱལ་ཁབ་༩༧གྱིས་རྒྱབ་སྐྱོར་གནང་དགོས། ཐེངས་འདིར་རྒྱ་གར་ལ་སྤྱིའི་འོས་གྲངས་༡༩༣གྱི་ནང་ནས་འོས་ཤོག་༡༨༨ཀྱི་ཚད་མཐོ་བའི་འོས་ཤོག་ཐོབ་འདུག

རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་སུ་འདེམ་ཐོན་བྱུང་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་གར་གྱི་གཏན་འཇགས་སྐུ་ཚབ་སེ་ཌེྀ-ཨ་ཁུ་བྷར་ཌིན(Syed Akbaruddin)གྱིས་རྒྱ་གར་གསར་འགོད་ཐེབས་རྩ་ལ་བརྗོད་དོན། རྒྱ་གར་ལ་ཐེངས་འདིའི་འོས་ཤོག་ཐོབ་པ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་རྒྱ་གར་གྱི་ལངས་ཕྱོགས་དེ་མཚོན་གྱིན་ཡོད། ཅེས་བརྗོད་འདུག

རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་སུ་འདེམ་ཐོན་བྱུང་བ་འདི་ནི་ཐེངས་དང་པོ་མིན་ཞིང་། དེ་ཡང་༢༠༡༡-༢༠༡༤དང་། ༢༠༡༤-༢༠༡༧བཅས་ལའང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་སུ་འདེམ་ཐོན་བྱུང་འདུག