16
Wed, Jan
33 New Articles

༢༠༡༨ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་རྣམ་གཉིས།

རྒྱལ་སྤྱིའི་གསར་འགྱུར།
Typography

ཕྱི་ལོ་༢༠༡༨ལོའི་ཟླ་༩པའི་ཚེས་༥ཉིན། ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ༢༠༡༨ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ནི་། ཨི་རག་རྒྱལ་ཁབ་ཀྱི་བུད་མེད་ལས་འགུལ་བ་ལྕམ་ནཱ་ཌི་ཡ་མུ་རཏ་(Nadia Murad) མཆོག་དང་། ཨབ་ཕི་རི་ཀའི་སྨན་པ་སྐུ་ཞབས་ཌེ་ནིས་མུཀ་ཝེགེ་(Dr. Denis Mukwege) མཆོག་རྣམ་གཉིས་ལ་ཕུལ་གཏན་ཁེལ་འདུག

དེ་ཡང་། བུད་མེད་ལས་འགུལ་བ་ལྕམ་ནཱ་ཌི་ཡ་མུ་རཏ་(Nadia Murad) མཆོག་ནི། ད་ལོ་རང་ལོ་༢༥་ཡིན་ཞིང་། ཨི་རག་གི་གྲོང་གསེབ་ཀོ་ཇོ(Kojo)ཞེས་པ་ནས་སྐྱེས། ཡུལ་དེའི་ཡ་ཛི་དི་(Yazidi)་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་བུད་མེད་ལས་འགུས་པ་ཞིག་ཡིན། ཁ་ཆེ་འཇིགས་སྐུལ་ཚོགས་པས་ཁོ་མོ་བཙན་ཁྲིད་བྱས་ཏེ་ཟླ་བ་གསུམ་གྱི་རིང་དུ་བཀག་ཉར་བྱས། ཁོ་མོར་ལོ་འདིའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་དོན་ནི། དམག་འཁྲུག་གི་སྐབས་སུ་འཁྲུག་སྤྱོད་འཚེ་བ་ཅན་གྱི་འཁྲུག་སྤྱོད་ལ་ངོ་རྒོལ་དང་ཐར་འདོན་གནང་བས་ཡིན། ཞེས་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་བརྗོད་འདུག དེ་ཡང་། ཁོ་མོས་མཐའ་མཇུག་གི་བུ་མོ་(The last girl)ཅེས་པའི་དེབ་ཅིག་བརྩམས་ཏེ། དེའི་སྐོར་ཞིབ་ཚགས་པའི་སྒོ་ནས་འགྲེལ་བརྗོད་གནང་འདུག ཁོ་མོ་ནི་ཨི་རག་རྒྱལ་ཁབ་ནས་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཐོག་མ་དེ་ཡིན་འདུག

དེ་ནས། སྨན་པ་སྐུ་ཞབས་ཌེ་ནིས་མུཀ་ཝེགེ་(Dr. Denis Mukwege) མཆོག་ནི། ད་ལོ་རང་ལོ་༦༥་ཡིན་ཞིང་། ཁོས་ལོ་མང་གི་རིང་ལ་བཙན་གཡེམ་ཐེབས་པའི་བུད་མེད་མང་པོ་ཞིག་ལ་སྨན་བཅོས་གནང་སྟབས། ཁོ་ནི་བཙན་གཡེམ་ཐེབས་པའི་བུད་མེད་རྣམས་ལ་སྨན་བཅོས་བྱེད་མཁན་ཕུལ་དུ་བྱུང་བ་ཞིག་ཡིན་པར་བརྗོད་ཀྱིན་འདུག ཁོར་ལོ་འདིའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་དོན་ནི། ཨབ་ཕི་རི་ཀའི་གླིང་ཆེན་ཀོང་གོ་(Congo) ཡུལ་ནས་དམག་འཁྲུག་སོགས་ཀྱི་ནང་སྡུག་སྦྱོང་མནར་གཅོད་ཕོག་པའི་བུད་མེད་རྣམས་ལ་རོགས་རམ་གནང་བས་ཡིན་སྐོར་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་བརྗོད་འདུག ཟླ་༩པའི་ཚེས་༥ཉིན། ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་༢༠༡༨ལོའི་ཞི་བདེ་གཟེངས་རྟགས་བཞེས་མཁན་གཉིས་ཡོངས་ཁྱབ་གསལ་བསྒྲགས་གནང་རྗེས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཁོང་རྣམ་གཉིས་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་ཀྱང་བསྩལ་འདུག དེ་ཡང་གསུང་འཕྲིན་ནང་འཁོད་དོན། གཟེངས་རྟགས་འདིས་དཀའ་སྡུག་ཧ་ཅང་མྱོང་བཞིན་པ་རྣམས་ལ་ཁྱེད་རྣམ་གཉིས་ནས་འཇིགས་ཞུམ་མེད་པར་ཕན་ཐོགས་རྒྱ་ཆེ་གནང་བཞིན་པ་དེར་ངོས་འཛིན་ཐོབ་པ་ཞིག་རེད། བྱམས་བརྩེ་ཁ་ནས་བཤད་པ་ཙམ་མིན་པར་ལག་བསྟར་གནང་བཞིན་པ་དེར་ངོས་ཀྱིས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཁྱེད་རྣམ་གཉིས་ལྟར་དཔའ་མཛངས་ལྡན་པའི་ཐོག་ནས་སྡུག་བསྔལ་གྱིས་མནར་བཞིན་པའི་མི་གཞན་ལ་ཕན་ཐོགས་གནང་མཁན་ཕོ་མོ་ཚང་མར་ངོས་ཀྱིས་ཡི་རངས་བསྔགས་བརྗོད་རྒྱ་ཆེ་ཞུ་བཞིན་ཡོད། འབྱུང་འགྱུར་འགྲོ་བ་མི་ཀུན་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཁྱེད་རྣམ་གཉིས་ལ་ཕྱར་གྲུ་མཉམ་འདེགས་ཞུ་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་འདུག

གཞན་ཡང་། ༢༠༡༨ ལོའི་ནོ་བྷེལ་གསོ་རིག་གཟེངས་རྟགས་དེ། ཨ་རིའི་ཊག་སི་སཱ་གཙུག་ལག་སློབ་གྲྭའི་(University of Texas) སློབ་དཔོན་ཆེན་མོ་ཨེལ་ལེ་སོན་དང་(James P Allison)དང་། ཉི་ཧོང་གི་ཀ་ཡོ་ཏོ་སློབ་གཙུག་ལག་སློབ་གྲྭའི་(Kyoto University) སློབ་དཔོན་ཆེན་མོ་ཏ་སུ་ཀུ་ཧོན་ཇོ་ (Tasuku Honjo) རྣམ་གཉིས་ལ་ཐོབ་ཡོད་པ་དང་། ཁོང་རྣམ་གཉིས་ལ་༢༠༡༨ ལོའི་ནོ་བྷེལ་གསོ་རིག་གཟེངས་རྟགས་འབུལ་དོན། སྐྲན་ནད་བཅོས་ཐབས་གསར་པ་ཞིག་གསར་གཏོད་གནང་བས་ཡིན་སྐོར་བརྗོད་འདུག ཉི་ཧོང་གི་སློབ་དཔོན་ཆེན་མོ་ཏ་སུ་ཀུ་ཧོན་ཇོ་ནི་ཉི་ཧོང་པ་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ཨང་རིམ་ཉེར་དྲུག་པ་དེ་ཡིན་ལ། ནོ་བྷེལ་གསོ་རིག་གཟེངས་རྟགས་དེར་ཡོ་སྒོར་འབུམ་བརྒྱད་དང་ཁྲི་བདུན་ཙམ་ཡོད་པར་བཤད།

༢༠༡༨ལོའི་དངོས་ཁམས་རིག་པའི་ནོ་བྷེལ་གཟེངས་རྟགས་དེ། ཨ་རིའི་ཚན་རིག་པ་སྐུ་ཞབས་ཨ་ཐུར་ཨ་ཤི་ཀིན་(Arthur Ashkin)དང་། ཧྥ་རན་སིའི་ཚན་རིག་པ་སྐུ་ཞབས་གྷེ་ར་ཌེ་ནོ་རོ(Gerard Mourou)། ཁ་ན་ཌའི་ཚན་རིག་པ་སྐུ་ལྕམ་ཌོན་ན་སི་ཌི་ཀི་ལན་ཌི(Donna Strickland) བཅས་མི་གསུམ་ལ་ཐོབ་ཡོད་ཅིང་། སྐུ་ཞབས་ཨ་ཐུར་ཨ་ཤི་ཀིན་(Arthur Ashkin)ལ་གཟེངས་རྟགས་དེ་འབུལ་དོན་ནི། དངོས་ཁམས་འོད་རླབས་ཀྱི་ཁྲོད་ནས་ཐུན་མོང་མ་ཡིན་པའི་གསར་གཏོད་གནང་བས་ཡིན་སྐོར་བརྗོད་པ་དང་། སྐུ་ཞབས་གྷེ་ར་ཌེ་ནོ་རོ(Gerard Mourou)ལ་གཟེངས་རྟགས་འདི་འབུལ་དོན་ནི། འོད་ཀྱི་རིག་པའི་སྤྱོད་སྒོ་དེ་སྐྱེ་དངོས་རིག་པའི་རྣམ་གཞག་ཐད་ལ་སྤྱད་པས་ཡིན་སྐོར་བརྗོད་པ་དང་། སྐུ་ལྕམ་ཌོན་ན་སི་ཌི་ཀི་ལན་ཌི(Donna Strickland)ལ་གཟེངས་རྟགས་འདི་འབུལ་དོན་ནི། གློག་རྒྱུད་མྱུར་ཚད་ཇེ་མགྱོགས་སུ་བཏང་བས་ཡིན་སྐོར་བརྗོད་ཀྱིན་འདུག

༢༠༡༨ལོའི་རྫས་འགྱུར་རིག་པའི་ནོ་བྷེལ་གཟེངས་རྟགས་དེ། ཨ་རིའི་རྫས་འགྱུར་འཆར་འགོད་པ་སྐུ་ལྕམ་ཨར་ནོལ(Frances H. Arnold)དང་། ཨ་རིའི་སྐྱེ་དངོས་རིག་པ་བ་སྐུ་ཞབས་སི་མེ་ཐི(George P. Smith) དབྱིན་ཇིའི་སྐྱེས་དངོས་རྫས་འགྱུར་རིག་པ་བ་སྐུ་ཞབས་ཝེ་ཊིར(Sir Gregory P. Winter)བཅས་མ་གསུམ་ལ་ཐོབ་ཡོད་ཅིང་། སྐུ་ལྕམ་ཨར་ནོལ་ལ་གཟེངས་རྟགས་འདི་ཐོབ་དོན་ནི། ཕྲ་ཕུང་ནང་གི་རྫས་ཨན་ཛེ་མེ(enzymes)ཡི་འཕེལ་འགྱུར་ལ་ཞིབ་འཇུག་གནང་བས་ཡིན་སྐོར་དང་། སྐུ་ཞབས་སི་མེ་ཐི་དང་སྐུ་ཞབས་ཝེ་ཊིར་རྣམ་གཉིས་ལ་གཟེངས་རྟགས་འདི་འབུལ་དོན་ནི། ནད་སྲིན་གྱི་རིགས་ཁ་ཤས་ངོས་ཟིན་པས་ཡིན་སྐོར་བརྗོད་ཀྱིན་འདུག ད་དུང་། ༢༠༡༨ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དང་ནོ་བྷེལ་ཚོང་ལས་གཟེངས་རྟགས་གཉིས་བཞེས་མཁན་སུ་དང་སུ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་གནང་མི་འདུག

གསལ་བསྒྲགས་ཀྱི་ས་མིག