23
Tue, Apr

༢༠༡༨ལོའི་ཟླ་༡༠་ཚེས་༣ཉིན་༧གོང་ས་མཆོག་གིས་དབུ་མ་འཇུག་པའི་བཀའ་ཁྲིད་ཀྱི་འཕྲོ་སྐྱོང་དབུ་འཛུགས་གནང་།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༠པའི་ཚེས་༣ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ངྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་ལོ་སྔོན་མའི་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་བཀའ་ཁྲིད་ཀྱི་འཕྲོ་སྐྱོང་དབུ་འཛུགས་གནང་ཞིང་། ཚེས་༣་ནས་ཉིན་བཞིའི་རིང་དུ་གནང་རྒྱུ་ཡིན་འདུག ཐེངས་འདིའི་བཀའ་ཁྲིད་ནི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་གནང་གི་ཡོད་པ་ཞིག་རེད་འདུག ཆོས་ཞུ་བ་མི་གྲངས་༦༩༠༠ཡོད་པ་དང་། ཐའེ་ཝན་གཙོ་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་༦༧ནས་ཕེབས་ཡོད་འདུག

དེ་ཡང་། གསུང་ཆོས་དངོས་སུ་འགོ་མ་བརྩམས་པའི་གོང་དུ། པཱ་ལེ་དང་རྒྱ་སྐད་ནས་ཤེས་རབ་སྙིང་པོ་དབྱངས་རྟ་དང་བཅས་ཏེ་སྐྱོར་ཞིང་། པཱ་ལེའི་སྐད་ནས་ཤེས་རབ་སྙིང་པོ་སྐྱོར་ཚར་མ་ཐག ༧གོང་ས་མཆོག་གིས་དབྱིན་སྐད་ནས། "ལོ་རྒྱུས་ཀྱི་ཐོག་ནས། བཅོན་ལྡན་འདས་ཀྱིས་ཆོས་ཐོག་མ་ནི་པཱ་ལེའི་སྐད་ནས་གསུངས་ཤིང་། དེ་ནི་ནང་པའི་ཆོས་ཀྱི་རྨང་གཞི་དེ་ཡིན" ཞེས་གསུངས།

དེ་ནས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས། ཐའེ་ཝན་གཙོ་པའི་ཡུལ་གྲུ་ཁག་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་འཚམས་འདྲི་ཞུ་ཞོར། ངོས་ཀྱིས་ནམ་རྒྱུན་ནང་ཆོས་ངོ་སྤྲོད་བྱེད་པ་དང་། ནང་ཆོས་ངོ་སྤྲོད་བྱས་ནས་ངེས་ཤེས་རྙེད་དེ་དད་པ་ཐོབ་པ་ཞིག་བྱུང་བ་ཡིན་ན། གཞི་ནས་ཆོས་ཉམས་ལེན་གྱི་ཐད་ལ་བསམ་བློ་གཏོང་དགོས་པ་དེ་འདྲ་ཡིན་པས། དེ་རིང་འདི་ནས་ཀྱང་ནང་ཆོས་ངོ་སྤྲོད་ཀྱི་ཚུལ་དུ་ཞུ་ན་བསམས་བྱུང་། ཞེས་གསུངས་ཏེ་འདི་ལྟར་ནང་ཆོས་ངོ་སྤྲོད་གནང་དོན། ནང་པའི་ཆོས་ཀྱི་ནང་དུ། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད ། རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པའོ།། ཞེས་གསུངས་པ་ལྟར། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད།། ཅེས་པའི་དགེ་བའི་ལས་སྒྲུབ་དགོས་པ་དང་སྡིག་པ་བྱེད་མི་རུང་བའི་བསླབ་བྱ་འདི་ནི། འཛམ་བུ་གླིང་གི་ཆོས་ལུགས་ཀུན་གྱི་དམིགས་བྱ་ཡིན་ཞིང་། རང་གི་སེམས་ནི་ཡོངས་སུ་འདུལ་ཞེས་པ་འདིས་ནང་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཆ་དེ་སྟོན་གྱི་ཡོད།

དེ་ཡང་། སེམས་འདུལ་སྟངས་ནི། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ། ཞེས་གསུངས་པ་ལྟར། སེམས་ཅན་གྱི་སྡུག་བསྔལ་བཅོམ་ལྡན་གྱིས་ཕྱག་གིས་སེལ་མི་ཐུབ་ཅིང་། སྡུག་བསྔལ་གྱི་རྒྱུ་ལས་ཉོན་རྣམས་ཆུ་ཡིས་འཁྲུ་རྒྱུ་མེད་པ། བཅོམ་ལྡན་འདས་རང་གི་ཐུགས་རྒྱུད་དུ་ཡོད་པའི་རྟོགས་པའི་ཡོན་ཏན་དེ་ང་ཚོར་གསོལ་རས་གནང་རྒྱུའང་མེད་པ། འོ་ན་ཅི་ལྟར་ཞེ་ན། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ཞེས་པ་ལྟར། ཆོས་ཉིད་བདེན་པ་བསྟན་ཏེ་སེམས་འདུལ་དགོས་པ་དང་། ཆོས་ཉིད་ཅེས་པའང་སྟོང་ཉིད་ཁོ་ནར་གོ་བ་མིན་ཡང་ཆོག་ཅིང་། ད་དུང་དངོས་པོ་ཀུན་གྱི་ཡིན་ལུགས་ལ་གོ་ནའང་རུང་སྟབས། དངོས་པོ་ཀུན་གྱི་ཡིན་ལུགས་ཤེས་པའི་ཐོག་ནས་སེམས་འདུལ་དགོས་པ་ཡིན།

བཅོམ་ལྡན་འདས་བཞུགས་པའི་སྐབས་སུ། གྲུབ་མཐའ་གཞན་ཚོས་ཕུང་པོ་ལས་འདས་པའི་བདག་ཅིག་དང་། ལུས་སེམས་ལ་དབང་སྒྱུར་བའི་བདག་ཅིག་ཡོངས་ཁྱབ་ཀྱིས་འདོད་ཀྱི་ཡོད་ཀྱང་། བཅོམ་ལྡན་འདས་ཀྱི་ཞི་གནས་དང་ལྷག་མཐོང་གི་སྒོམ་གྱི་རིམ་པ་གསུངས་ཏེ། རྟག་གཅིག་རང་དབང་གི་བདག་དང་། ཕུང་པོ་ལས་འདས་པའི་བདག ལྷན་སྐྱེས་ཀྱི་ངར་འཛིན་བཅས་མེད་པར་གསུངས་ཏེ། ཕུང་པོ་ལས་འདས་པའི་བདག་ཡོད་པར་འདོད་པའི་སྐབས་དེའི་ཡོངས་ཁྱབ་ཀྱི་ལྟ་ཚུལ་དང་མི་མཐུན་པ་ཞིག་གསུངས་པ་ན། ཁོང་གི་ཞལ་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབས་འདི་རུ་གནས་པར་བྱ། །ཞེས་གསུངས་ཏེ་ཞག་ཞེ་བརྒྱད་ལ་ཆོས་མ་གསུངས་པར་བཞུགས།

དེ་ནས། འཁོར་ལྔ་སྡེ་བཟང་པོས་བཅོམ་ལྡན་གྱི་ཐུགས་རྒྱུད་དུ་ཁྱད་དུ་འཕགས་པའི་ཡོན་ཏན་ཞིག་འཁྲུངས་ཡོད་པར་ཤེས་པ་ན། འཁོར་ལྔ་སྡེ་ལ་ཡུལ་ཝ་ར་ན་སི་ནས་ཆོས་འཁོར་དང་པོ་བདེན་བཞིའི་ཆོས་འཁོར་བསྩལ་ཞིང་། དེ་ཡང་། འདི་ནི་སྡུག་བསྔལ་བདེན་པའོ།། འདི་ནི་ཀུན་འབྱུང་བདེན་པའོ།། འདི་ནི་འགོག་པའི་བདེན་པའོ།། འདི་ནི་ལམ་གྱི་བདེན་པའོ།། ཞེས་གསུངས་ཏེ། སྡུག་བསྔལ་གྱི་རང་བཞིན་དང་། སྡུག་བསྔལ་གྱི་རྒྱུ། སྡུག་བསྔལ་སེལ་ཐབས་བཅས་གསུངས་ཤིང་། མདོར་ན། བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་མཆོག་སོ་བདུན་བཅས་གསུངས་ཡོད། འདི་ནི་ལེགས་སྦྱར་དང་པཱ་ལེའི་སྐད་གཉིས་ཀའི་ནང་དུ་ཡོད་སྟབས། ནང་པའི་ཆོས་ཀྱི་རྨང་གཞི་དེ་ཡིན།

དེ་ཡང་། མི་རྟག་པ་ཞེས་བརྗོད་པ་ནི། ཕྲ་རགས་གཉིས་བརྗོད་ཅིང་། མི་རྟག་པ་རགས་པ་ནི་དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་བ་དང་བསྟུན་ནས་ལོ་མར་འགྱུར་བ་འགྲོ་བ་ལྟ་བུ་ཡིན་ཞིང་། མི་རྟག་པ་རགས་པ་ནི་ལོ་མ་འབུས་མ་ཐག་ནས་ལོ་མ་འཇིག་པའི་བདག་ཉིད་དུ་གྲུབ་ཡོད་པ་དང་། སྐད་ཅིག་སྐད་ཅིག་ལ་འགྱུར་བ་འགྲོ་བཞིན་ཡོད་པ་དེ་ཡིན་ཞིང་། ཡང་ན་ཆོས་ཐམས་ཅད་སྐྱེས་ཙམ་ཉིད་ནས་འཇིག་པའི་བདག་ཉིད་དུ་གྲུབ་པ་དང་། འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་བརྗོད་པ་དེ་ཡིན། ད་དུང་། ཚན་རིག་པས་བརྗོད་པའི་རྡུལ་ཕྲན་ལ་མཚོན་ནའང་། རྡུལ་ཕྲན་གྱི་འགྱུར་བ་ཕྲ་མོ་དེ་ཡང་མི་རྟག་པ་ཕྲ་མོ་རེད། དེ་ནས་མི་རྟག་པའི་རང་བཞིན་དུ་གནས་པའི་ཕུང་པོ་འདིར་མཚོན་ནའང་། རྒྱུའི་གཞན་དབང་དུ་ཡོད་པ་དང་། རྒྱུ་དེ་ཡང་ལས་ཉོན་གྱི་དབང་དུ་ཡོད་སྟབས། ཕུང་པོ་འདི་ལས་ཉོན་གྱི་གཞན་དབང་དུ་ཡོད་པ་དང་སྡུག་བསྔལ་གྱི་ངང་དུ་ཡོད་པ་དེ་རེད།

སྡུག་བསྔལ་ལའང་། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱད་པ་འདུ་ཤེས་ཀྱི་སྡུག་བསྔལ་བཅས་གསུམ་ཡོད་ཅིང་། སྡུག་བསྔལ་སྔ་མ་གཉིས་ནི་དུད་འགྲོ་ལའང་ཡོད་པ་དང་། སྡུག་བསྔལ་མཐའ་མ་འདུ་ཤེས་ཀྱི་སྟེང་གི་སྡུག་བསྔལ་ནི་སྡུག་བསྔལ་ཆེ་ཤོས་དེ་ཡིན་པ་དང་། ནང་པའི་ཆོས་ཀྱིས་ད་གཟོད་འདུ་ཤེས་ཀྱི་སྟེང་གི་སྡུག་བསྔལ་དེ་སེལ་ཐབས་ལ་རིགས་པའི་སྒོ་ནས་རྩལ་དུ་བཏོན་ཡོད།

སྡུག་བསྔལ་དེ་ཡང་མ་རིག་པར་བརྟེན་ནས་འབྱུང་གི་ཡོད་པ་དང་། འོ་ན་མ་རིག་པ་ནི་ཅི་ཞིག་རེད་ཅེས་ན། ཆོས་རྣམས་ཀྱི་ཡིན་ལུགས་ཇི་ལྟ་བ་བཞིན་མ་ཤེས་པ་དེ་གོ་ཞིང་། མ་རིག་པ་མ་སེལ་བར་བརྟེན་ནས་ཆགས་སྡང་སོགས་ཀྱི་ཉོན་མོངས་ཀྱི་དབང་དུ་འགྱུར་བཞིན་ཡོད། དེ་ཡང་། བདག་ཏུ་གྲུབ་པར་འདོད་པའི་ལྟ་བ་དེ་ཡིན་ཞིང་། ལྟ་བ་དེར་བརྟེན་ནས་ལས་ཉོན་དང་ཆགས་སྡང་གི་དབང་དུ་གྱུར་ཏེ་སྡུག་བསྔལ་མྱོང་གི་ཡོད། བདག་གམ་ངའོ་སྙམ་པའི་ང་དེ་ནི། ལུས་སེམས་གཉིས་ཀའི་ཐོག་ནས་མེད་ལ། ལུས་པོ་མགོ་ནས་རྐང་པའི་བར་དུ་རྩད་གཅོད་བྱས་ནའང་རང་རྐྱ་འཕེར་བའི་བདག་ཅིག་མི་རྙེད་ཅིང་། དེ་བཞིན་སེམས་ཀྱི་སྟེང་ནས་ཀྱང་དེ་འདྲ་བདག་ཅིག་མི་རྙེད་སྟབས། རང་རྐྱ་འཕེར་བའི་བདག་ཅིག་མེད། བདག་ཏུ་ལྟ་བ་དེར་རྒྱུ་མཚན་མེད་ཅིང་། བདག་མེད་པར་ལྟ་བ་དེར་རྒྱུ་མཚན་དང་ལྡན་པ་ཞིག་ཡིན།

ངོས་ཀྱིས་ལོ་ངོ་མང་པོར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཡང་ཡང་བསམ་བློ་བཏང་སྟེ། རྒྱུད་ལ་མྱོང་བ་ཞིག་ཐོབ་པའི་ཐོག་ནས་དེ་གཉིས་ཀྱི་ཕན་ཡོན་ཤོད་ཀྱི་ཡོད་པ་མ་གཏོགས དཔེ་ཆ་གང་ཞིག་ལས་ཅི་ཞིག་གསུངས་ཡོད་པ་ཙམ་ཞིག་ཤོད་ཀྱི་མེད། དེ་གཉིས་ཀྱིས་ཐད་ལ་ཇི་ཙམ་རིགས་པས་དཔྱད་ན། དེ་ཙམ་གྱིས་ངེས་ཤེས་ཟབ་རུ་འགྲོ་བ་ཞིག་རེད། ངོས་ཀྱིས་ནམ་ཡང་ནང་ཆོས་ནི་ཡག་ཤོས་རེད་ཅེས་ཤོད་ཀྱི་མེད་ལ། ནང་ཆོས་སྤེལ་ཐབས་ཀྱང་གནང་གི་མེད། ཚན་རིག་པས་བརྗོད་ན། ནང་ཆོས་ནི་ཚན་རིག་དང་མཐུན་པ་ཞིག་རེད་ཟེར། ངོས་ཀྱིས་རང་ཉིད་ནི་ཕྱེད་ཀ་ནི་ནང་པ་དང་། ཕྱེད་ཀ་ནི་ཚན་རིག་པ་ཡིན་ཞེས་ཀྱང་ཤོས་ཀྱི་ཡོད། སྟོང་ཉིད་སྒོམ་སྐབས། ཚད་རྡུལ་དངོས་ཁམས་རིག་པས་ཕན་ཐོགས་ཆེ་ཞིང་། དེས་ཀྱང་ཆོས་ཐམས་ཅད་སྣང་བ་ལྟར་དུ་མེད་པར་བརྗོད་ཀྱི་ཡོད། དབུ་སེམས་སྦྱོང་མཁན་ཞིག་ཡིན་ཚེ། ཚད་རྡུལ་དངོས་ཁམས་རིག་པའི་བགྲོ་གླེང་གི་སྐབས་སུ། གྲལ་གཞུག་ཏུ་འདུག་མི་དགོས་པ་ཞིག་ཡིན། དབུ་མ་ཁག་པོ་འདུག་ལབ་མཁན་ཚོས་ཚད་རྡུལ་དངོས་ཁམས་རིག་པ་སྦྱོང་ཤོག ཅེས་འཛུམ་ཤུག་ཤུག་དང་བཞད་མོ་ལྷང་ལྷང་གིས་གསུངས་ཏེ་ཉིན་དང་པོའི་བཀའ་ཁྲིད་འདི་ལྟར་མཇུག་སྒྲིལ་སོང་།