28
Thu, Mar

༢༠༡༨ལོའི་ཟླ་༩ཚེས་༤ཉིན། ཐེག་ཆེན་གཙུག་ལག་ཁང་དུ་༧གོང་ས་མཆོག་གི་ཆོས་ཞུ་བ་༦༠༠༠ལྷག་ལ་བཀའ་སློབ་གནང་བཞིན་པ། པར། དབྱངས་ཅན་སྒྲོལ་མ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་ཡིན་དུས་དེའི་ཐོག་ལ་ཡར་རྒྱས་འགྲོ་བའི་གོ་སྐབས་དང་ཡོང་ཐུབ་པ་ཞིག་རེད། བྱམས་དང་སྙིང་རྗེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དང་ཁྱིམ་ཚང་ནང་ནས་ཡང་འཆམ་པོ་མཐུན་པོ་ཡོང་གི་རེད་ཅེས་བཀའ་བསྩལ།

དེ་ཡང་༢༠༡༨ལོའི་ཟླ་༩ཚེས་ ༤ ཉིན། ཉིན་བཞིའི་རིང་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨིན་ཌོ་ནེ་ཤིས་ཡ་དང་ཀོ་རུ་ཡ། མཱ་ལེ་ཤིས་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་སོགས་ཚུད་པའི་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བར་རྣམས་གཙོ་བོར་གྱུར་བའི་རྒྱབ་ཁབ་༢༧་ནས་ཕེབས་པའི་ཆོས་ཞུ་བ་༦༠༠༠་བརྒལ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་མཛད་གནང་སོང་།

༧གོང་ས་མཆོག་གིས་གསུང་དོན། ཨིན་ཌོ་ནེ་ཤིས་ཡ་དང་ཀོ་རུ་ཡ། མཱ་ལེ་ཤིས་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་སོགས་ཚུད་པའི་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དགའ་བསུ་དང་འཚམས་འདྲི་ཡོད་ཅེས་ཞུ་སོང་དང་། ངས་རྟག་ཏུ་འཛམ་གླིང་ཐོག་བཤད་བསྡད་པ་དེ་ང་ཡང་འཛམ་གླིང་སྒང་གི་མི་ཞིག་རེད། འཛམ་གླིང་གི་མིར་བདེ་སྐྱིད་བྱུང་ན། ང་ཡང་བདེ་སྐྱིད་ཡོང་གི་འདུག འཛམ་གླིང་སྡུག་བསྔལ་ནང་ཚུད་བསྡད་པ་ཡིན་ན། སོ་སོ་ཡང་སེམས་སྐྱིད་པོ་ཡོང་གི་མི་འདུག འདི་ཆོས་ཀྱི་སྐད་ཆ་མ་རེད། སྐྱེས་བ་ཕྱི་མའི་སྐད་ཆ་ཡང་མ་རེད། གང་ལྟར་ང་ཚོ་མི་ཚང་མ་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། དངོས་ཡོད་གནས་ཚུལ་ལ་སྡུག་བསྔལ་མང་པོ་ཞིག་ང་རང་ཚོས་མིའི་བཟོ་ཡི་ཡོད། དེ་འདྲ་སོང་ཙམ། ཆོས་དད་ཡོད་དང་མེད་མཁན་སུ་ཡིན་རུང་། ང་ཚོས་ནམ་རྒྱུན་བདེ་བ་ཟེར་དུས་ཕྱིའི་དངོས་པོ་ཡར་རྒྱས་ཐོག་བདེ་བ་འཚོལ་བ་དང་སྡུག་བསྔལ་སེལ་ཐབས་བྱེད་ཀྱི་ཡོད། དེ་དག་གིས་སེམས་ཀྱི་སྡུག་བསྔལ་སེལ་མི་ཐུབ་པ་གསལ་པོ་རེད། བདེ་བ་དང་སྡུག་བསྔལ་དེ་ལུས་ཚོར་བདེ་བ་དེ་གལ་ཆེན་པོ་རེད། འོན་ཀྱང་གཙོ་བོ་སེམས་ཀྱི་བདེ་སྡུག་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། ང་ཚོ་སེམས་མ་སྐྱིད་པ་ཡོང་དུས། ཕྱིའི་མཐུན་རྐྱེན་བཟང་པོ་ག་ཚོད་ཡོད་རུང་སྐྱིད་པོ་ཡོང་གི་མི་འདུག སེམས་ཀྱི་སྡུག་བསྔལ་ནི་ཕྱིའི་མཐུན་རྐྱེན་གྱིས་སེལ་མི་ཐུབ། སེམས་ལ་ཞི་བདེ་དང་བདེ་སྐྱིད་ཡོད་ན། ཕྱིའི་མཐུན་རྐྱེན་ཞེ་དྲག་མེད་ན། མི་སྐྱིད་པོ་དང་བག་ཕེབས་པོ་བསྡད་ཐུབ་པ་ཡོང་གི་རེད། ཅེས་དང་།

ཐེངས་ཤིག་བོད་ནང་བཙོན་ཁང་དུ་ཡུད་རིང་བསྡད་པའི་བོད་མི་ཞིག་དང་ཐུག་བྱུང། ངས་ཁོང་ལ་དཀའ་ངལ་གང་འཕྲད་སོང་དྲིས་པས། ཁོང་གིས་བཙོན་དུ་བསྡད་རིང་དུས་ཚོད་ཞིག་ལ་ ཉེན་ཁ་ ཁ་ཤས་བྱུང་སོང་ཞེས་ལབ་བྱུང་། ངས་ནི་སྲོག་ལ་ཉེན་ཁ་འདྲ་བྱུང་ཡིན་ནམ་བསམས་སོང་། འོན་ཀྱང་ཁོང་གིས་ཐེངས་ཁ་ཤས་ཤིག་ལ་བཙོན་དུ་ཡོད་པའི་ལས་བྱེད་དེ་ཚོའི་བྱེད་སྟངས་ནས་སྙིང་རྗེ་ཉམས་རྒྱུའི་ཉེན་ཁ་འཕྲད་བྱུང་བཤད་སོང་། སྙིང་རྗེ་ལ་བརྩི་མཐོང་དེ་འདྲ་བྱེད་ཀྱི་ཡོད་འདུག བཙོན་དུ་བསྡད་རིང་སྡུག་པོ་གཏོང་མཁན་ལ་སྙིང་རྗེ་སྒོམ་ནས་ལུས་པོ་དཀའ་ངལ་ཡོད་རུང་། སེམས་ལ་སྐྱིད་པོ་བྱེད་ནས་བསྡད་ཐུབ། དེ་འདྲ་སོང་ཙམ། སེམས་ཞི་བདེ་ཧ་ཅང་གལ་ཆེན་པོ་རེད།

ཁོང་གིས་མི་ལ་རང་བཞིན་ལྷན་སྐྱེས་ཀྱི་བྱམས་བརྩེ་ཡོད་སྐོར་གསུང་དོན། ཚན་རིག་པས་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ཡིན་པར་རྒྱབ་སྐྱོར་བྱེད་ཀྱི་འདུག དེ་ནང་བཞིན་ཁོང་ཚོས་མི་ཁོང་ཁྲོ་དང་འཇིགས་སྣང་ཡང་ཡང་བྱུང་ན་ལུས་པོར་བདེ་ཐང་ཡོང་བའི་ནད་རིགས་སྔོན་འགོག་མ་ལག(immune system)་ཉུང་རུ་འགྲོ་ཡི་ཡོད་་པ། སེམས་ལ་ཞི་བདེ་དང་བྱམས་བརྩེ་ཡོད་ན། ནང་རིགས་སྔོན་འགོག་མ་ལག་མུ་མཐུད་ནས་བསྡད་ཐུབ་པར་ཕན་ཐོགས་ཞེ་དྲག་ཡོད་ཟེར་འདུག ཞེས་དང་།

མིའི་རང་བཞིན་ནི་བྱམས་དང་ལྡན་པ་རེད་ཅེས་ཚན་རིག་པས་བཤད་བསྡད་ཡོད་རེད། དངོས་ཡོད་གནས་ཚུལ་རེད། ང་ཚོ་འཛམ་གླིང་འདིའིི་ཐོག་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་ཨ་མའི་མངལ་ནས་བཙའ་བ་རྐྱང་རེད། མའི་བརྩེ་བ་དང་འོ་མ་སྤྲད་ནས་འཚར་ལོངས་བྱུང་བ་རེད། གལ་སྲིད་དེ་ཚོ་སྤྲད་མེད་ན་ཕྲུག་གུ་ཤི་འགྲོ་ཡི་རེད། བྱས་ཙམ་ཨ་མའི་བྱམས་བརྩེ་འོག་ནས་འཚར་ལོངས་བྱུང་བ་རེད། ང་ཚོ་ཆུང་ཆུང་སྐབས་ནས་ཕ་མའི་བརྩེ་བ་ཤུགས་ཆེན་པོ་ཡོད་བསྡད་མཁན་རེད། ལོ་ཆེ་རུ་ཡོང་དུས།་སོ་སོའི་སེམས་ནང་ཡིད་ཆེས་ཆེ་བ་ཡོད། འོན་ཀྱང་ཆུང་ཆུང་སྐབས་སུ་ཨ་མའི་བརྩེ་བ་མ་རག་ན་ཕྱིའི་མཐུན་རྐྱེན་ཡག་པོ་འཛོམས་རུང་། སེམས་སྟེང་ནས་ཞེ་སྣང་སྐྱེས་བསྡད་དེ་འདྲ་ཡོང་གི་འདུག དེར་བརྟེན་ཨ་མའི་བརྩེ་བ་ཆུང་ཆུང་སྐབས་ནས་ཐོབ་དགོས་པ་གལ་ཆེན་པོ་རེད། བཅས་དང་།

ཚན་རིག་པས་མིའི་རང་བཞིན་ལྷན་སྐྱེས་ནི་བྱམས་བརྩེ་ལྡན་པ་རེད་ཟེར་དུས། ངའི་སེམས་ནང་སྤོབས་པ་སྐྱེས་སོང་། མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་ཡིན་ན་ང་ཚོས་བྱམས་བརྩེ་གོང་འཕེལ་གཏོང་ཐབས་བྱེད་བཞིན་པ་འདི་ནུས་པ་ཐོན་ཐུབ་པ་ཞིག་རེད། མིའི་རང་བཞིན་ཞེ་སྣང་ཡིན་ན་བྱམས་བརྩེལ་བཅོས་པ་ཆགས་ཀྱི་རེད། དེ་མིན་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ཡིན་དུས་དེའི་ཐོག་ལ་ཡར་རྒྱས་འགྲོ་བའི་གོ་སྐབས་དང་ཡོང་ཐུབ་པ་ཞིག་རེད། བྱམས་དང་སྙིང་རྗེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དང་ཁྱིམ་ཚང་ནང་ནས་ཡང་འཆམ་པོ་མཐུན་པོ་ཡོང་གི་རེད་ཅེས་བཀའ་བསྩལ།