19
Fri, Apr

༢༠༡༨ལོའི་ཟླ་༨་ཚེས་༢༧ཉིན་བོད་རྒྱལ་ས་ལྷ་ས་སེ་ར་དགོན་དུ་ཚོགས་འདུ་འཚོགས་བཞིན་པ། པར།་སྤྱི་ཚོགས་དྲ་རྒྱ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

རྒྱ་གཞུང་འགོ་ཁྲིད་མཐོ་ཤོས་ཨང་བཞི་པ་ཡིན་པའི་ཝང་ཡང་གིས་རྒྱལ་ཁབ་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་ཡོང་བའི་ཆེད་དུ། བོད་ནང་དུ་༼ཆོས་ལུགས་ཁ་ལ་འཁྱེར་མཁན་ཁ་བྲལ་ལས་འགུལ་བ༽རྣམས་ལ་དམ་དྲག་ཆེ་རུ་དང་སྲིད་ཇུས་གསར་བ་ལག་བསྟར་བྱེད་དགོས་པའི་ནན་སྐུལ་བྱས་འདུག

དེ་ཡང་། རྒྱ་གུང་ཁྲན་གཞུང་གི་འགོ་ཁྲིད་ཨང་བཞི་པ་ཡིན་པའི་ཝང་ཡང་༢༠༡༨ལོའི་ཟླ་༨ཚེས་༢༦ཉིན། བོད་ཀྱི་རྒྱལ་ས་ལྷ་སར་སླེབས་ནས་དེ་གའི་མི་སྣ་དང་གྲྭ་པ་སོགས་ལ་ཐུག་འཕྲད་བྱས་ནས་བརྗོད་དོན། ཆོས་ལུགས་མི་སྣ་རྣམས་ཀྱིས་རྒྱལ་ཁབ་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་ཆེད་དུ་ངེས་པར་དུ་༼རྒྱལ་ཁབ་ཁ་བྲལ་བར་ཁ་གཏད་གཅོག་དགོས༽ཞེས་དང་། བོད་ཀྱི་དགོན་པ་སོགས་ལ་དམ་དྲག་བྱེད་དགོས་པའི་ནན་སྐུལ་དང་༼བདེ་འཇགས་ལ་གནོད་འཚེ་བྱུང་སྐབས་དོགས་ཟོན་དང་གྲ་སྒྲིག་དགོས༽ཞེས་པ་བཅས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་འདུག

ཝང་ཡང་གི་བསྒྲགས་གཏམ་དེ་ནི་རྒྱ་གཞུང་གིས་ཉེ་སྔོན་༼ནང་གི་སྒྲིག་གཞི་གསར་ཁག༽ཅེས་པ་འགྲེམ་སྤེལ་བྱས་ཡོད་པ་ལས་བྱུང་བ་ཞིག་ཡིན་འདུག རྒྱ་གཞུང་གུང་ཁྲན་ཏང་ནི་ཆོས་མེད་རིང་ལུགས་ཤིག་ཡིན་རུང་། སྒྲིག་གཞི་གསར་བ་དེ་ནི་གུང་ཁྲང་ཏང་ཚོགས་མི་ཆོས་དད་ཡོད་པའི་མི་སྣ་ཚོར་གཏན་འབེབས་གནང་བ་ཞིག་ཡིན་འདུག དེའི་འཁོད་དོན། གུང་ཁྲང་ཏང་གི་ཚོགས་མི་སུ་ཡིན་ཡང་ཆོས་ལ་དད་པ་ཡོད་ཕྱིེར་ངེས་པར་དུ་༼བསམ་བློ་ཡི་སློབ་སྦྱོང་༽ཞེས་པ་དེ་སློབ་དགོས་པ་དང་། གལ་སྲིད་༼བསམ་བློ་ཡི་སློབ་སྦྱོང༽ཞེས་པ་དེ་ཚར་རྗེས། ད་དུང་བསམ་བློ་འགྱུར་བ་ཕྱིན་མེད་ན། དེ་ནས་གུང་ཁྲན་ཏང་གི་ཚོགས་པ་ནས་ཐོན་དགོས་པའི་ནན་སྐུལ་བྱས་ཡོད་པར་མ་ཟད། ཚོགས་མི་སུ་ཞིག་གིས་ཆོས་དང་འབྲེལ་བའི་ལས་འགུལ་ལ་སྐུལ་སློང་བྱས་པ་ཡིན་ན་ཚོགས་པ་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་པའང་བསྒྲགས་འདུག

དེ་བཞིན་དུ། ཚོགས་མི་སུ་ཞིག་ཡིན་རུང་གཞུང་གིས་གཏན་འབེབས་བྱས་པའི་སྲིད་བྱུས་ལ་རྒྱབ་འགལ་དང་། ཚོགས་པའི་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་བཤད་མི་ཆོག་པ་བཅས་ཀྱི་སྒྲིག་གཞི་འདི་དག་ནི་དངོས་སུ་ལག་བསྟར་བྱེད་བཞིན་ཡོད་པ་དང། ཚོགས་མི་སུ་ཞིག་ཡིན་རུང་ཚོགས་པར་ལར་ཞེན་མེད་ན་ཕྱིར་འབུད་གཏོང་རྒྱུ་ཡིན་བཅས་བསྒྲགས་ཡོད་འདུག

འོན་ཀྱང་། རྒྱ་ནག་གིས་བོད་དང་ཡུ་གུ་བཅས་ཀྱི་ཆོས་དད་རང་དབང་དང་རིག་གཞུང་ལ་དྲག་གནོན་བྱེད་བཞིན་པར། ཉེ་སྔོན་རྒྱལ་སྤྱི་ཚོགས་པ་ཁག་གིས་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་ཡོད་འདུག