19
Fri, Apr

༢༠༡༨ལོ་ཟླ་༧ཚེས་༢༤ཉིན་ལ་དྭགས་ཟངས་དཀར་ནས་ྋགོང་ས་མཆོག་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་ཆེན་ལ་བཀའ་སློབ་གནང་བཞིན་པ། ཡུའུ་ཊུབ་ནས་འདྲ་པར་བླངས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ངོས་ཀྱིས་དུས་རྟག་ཏུ་འཛམ་གླིང་གི་ཆོས་དད་ཡོད་མཁན་དང་མེད་མཁན་ཚོར་སེམས་ཞི་བདེ་ཞིག་སྐྲུན་རྒྱུར་ཞབས་འདེགས་ཇི་ལྟར་སྒྲུབ་དགོས་པའི་སྐོར་བསམ་བློ་གཏོང་གི་ཡོད་ལ། འཛམ་གླིང་གི་ཆོས་བརྒྱུད་གཞན་པ་ཚོས་ཀྱང་དེ་བཞིན་འགྲོ་བ་མི་རྣམས་ཞི་བདེ་ལྡན་པ་ཞིག་སྐྲུན་རྒྱུའི་ཆེད་བསམ་བློ་མང་ཙམ་གཏོང་བའི་རེ་བ་རྒྱག་གི་ཡོད་སྐོར་ྋགོང་ས་མཆོག་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་ཆེན་ལ་བཀའ་སློབ་སྩལ་གནང་ཡོད་འདུག

དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གོ་སྒྲིག་གནང་བའི་ཕྱི་ལོ་༢༠༡༨ཟླ་༧ཚེས་༢༤ནས་༢༦བར་ཉིན་གྲངས་གསུམ་རིང་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཐེངས་དང་པོ་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ཚོགས་ཆེན་དུ་ལ་དྭགས་ཟངས་དཀར་ཁུལ་ནས་ཐད་གཏོང་དྲ་བརྙན་བརྒྱུད་བཀའ་སློབ་སྩལ་དོན། བརྩེ་བའི་ཆོས་གྲོགས་ཕོ་མོ་རྣམ་པ། ཐོག་མར་ངོས་ནས་ཁྱེད་རྣམ་པས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་ཆེན་འདི་ལྟ་བུ་བསྐོང་ཚོགས་གནང་ཐུབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངོས་ཀྱིས་ཚོགས་ཆེན་དེ་ཧ་ཅང་དགོས་མཁོ་ཅན་དང་གལ་ཆེན་པོ་ཞིག་ལ་རྩི་བཞིན་ཡོད།

ངོས་ཀྱིས་བསམ་པར་ང་ཚོར་ད་དུང་ཆོས་དད་དགོས་ཀྱི་ཡོད། ཆོས་དད་བརྒྱུད་འགྲོ་བ་མིའི་སྤྱི་ཚོགས་ལ་དོན་དམ་པའི་ཞབས་འདེགས་སྒྲུབ་པར་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེར་བརྟེན་ངོས་ཀྱིས་ཚོགས་ཆེན་འདི་ལྟ་བུ་ཧ་ཅང་བེད་སྤྱོད་ཆེན་པོ་དང་གལ་ཆེན་ཞིག་ལ་རྩི་བཞིན་ཡོད། ངོས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་གོང་མཐོར་སྤེལ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་ལས། ནང་པ་སངས་རྒྱས་པའི་ཆོས་ལུགས་ནམ་ཡང་ཁྱབ་སྤེལ་གཏོང་གི་མེད།

ངོས་ཀྱིས་དུས་རྟག་ཏུ་འཛམ་གླིང་གི་ཆོས་དད་ཡོད་མཁན་དང་མེད་མཁན་ཚོར་སེམས་ཞི་བདེ་ཞིག་སྐྲུན་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེས་ཞབས་འདེགས་ཇི་ལྟར་སྒྲུབ་དགོས་པའི་སྐོར་བསམ་བློ་གཏོང་གི་ཡོད། ངོས་ཀྱིས་འཛམ་གླིང་གི་ཆོས་བརྒྱུད་གཞན་པ་ཚོས་ཀྱང་འགྲོ་བ་མི་རྣམས་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་སྐྲུན་རྒྱུའི་ཆེད་བསམ་བློ་མང་ཙམ་གཏོང་དགོས་པའི་རེ་བ་རྒྱག་གི་ཡོད།

འཛམ་གླིང་གི་འགྲོ་བ་མི་རྣམས་ཆོས་ལུགས་གཅིག་གི་རྗེས་འབྲང་པ་ཡོང་གི་མ་རེད། འདས་པའི་ལོ་ངོ་སྟོང་ཕྲག་རིང་ལ་ཆོས་ལུགས་མི་འདྲ་བ་མང་པོ་དར་ནས་ཡོང་ཡོད་ལ། ཆོས་ལུགས་མི་འདྲ་བ་དེ་དག་འབྱུང་འགྱུར་ཡང་དུས་རབས་མང་པོའི་རིང་མུ་མཐུད་གནས་རྒྱུ་ཡིན་པ་མ་ཟད། འགྲོ་བ་མི་རྣམས་ལ་ཕན་ཐོགས་སྒྲུབ་ངེས་ཡིན་པས། འཛམ་གླིང་གི་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད།

ཁྱེད་ཚོའི་ཚོགས་ཆེན་འདི་བརྒྱུད་ང་ཚོས་ཆོས་ལུགས་ནང་ཁུལ་དབར་མཐུན་སྒྲིལ་ཡོང་བར་ཞབས་འདེགས་སྒྲུབ་ཐུབ་རྒྱུ་ཡིན་པ་ངེས་པ་རེད། འགྲོ་བ་མི་ལ་དོན་དམ་པའི་ཞབས་འདེགས་སྒྲུབ་པར་ཐབས་ལམ་སྐོར་ཆོས་ལུགས་ཁག་གི་ལྟ་གྲུབ་མང་པོའི་ནང་གསུང་ཡོད་ནའང༌། ངོས་ཀྱིས་ནམ་རྒྱུན་ཆོས་དང་མ་འབྲེལ་བའི་ཐབས་ལམ་སྐོར་རྗོད་ཀྱི་ཡོད། མཚམས་འདི་ནས་ངོས་ཀྱིས་གསལ་བཤད་བྱེད་དགོས་པ་ཞིག་ལ། རྒྱ་གར་གྱིས་གོ་བ་ལེན་སྟངས་ལྟར་ན། ཆོས་དང་མ་འབྲེལ་བ་ ༼ Secular ༽ ཟེར་བའི་གོ་དོན་ནི། ཆོས་ལུགས་ཚང་མར་བརྩི་བཀུར་དང་གུས་ཞབས་བྱེད་དགོས་པ་མ་ཟད། ཆོས་དད་མེད་མཁན་ཚོ་ལའང་བརྩི་བཀུར་ཞུ་དགོས་ཞེས་པ་དེར་གོ་དགོས་པ་ཡིན།

ངོས་ཀྱིས་བསམ་པར་དེ་ནི་དངོས་ཡོད་དང་མཐུན་པའི་ཐབས་ལམ་ཞིག་རེད་སྙམ། ངོས་ཀྱིས་གོང་དུ་ཞུས་པ་ལྟར་འཛམ་གླིང་ནང་མི་འབོར་ཐེར་འབུམ་གཅིག་ལྷག་ཆོས་དད་མེད་མཁན་རེད། ཁོང་རྣམ་པ་ཡང་འགྲོ་བ་མི་ཡིན་པ་མ་ཟད། སེམས་ལ་ཞི་བདེ་དགོས་ཀྱི་ཡོད། དེར་བརྟེན་འགྲོ་བ་མི་ལ་ཞབས་འདེགས་སྒྲུབ་པར་ཆོས་དང་མ་འབྲེལ་བ་ཟེར་བ་དེ་དངོས་ཡོད་དང་མཐུན་པའི་ཐབས་ལམ་ཞིག་རེད། ཐུགས་རྗེ་ཆེ།། ཅེས་བཀའ་སློབ་སྩལ་གནང་ཡོད་པ་རེད།