20
Sat, Apr

ལུའུ་ཞཱ་ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ཤི་རྒྱག་གི་ཡིན་ཟེར།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

གནད་དོན་དེ་ཟླ་འདིའི་ཕྱི་ཚེས་༡ ཉིན་ཕྱི་ཡུལ་དུ་ཡོད་པའི་རྒྱ་ནག་གི་རྩོམ་པ་པོ་སྐུ་ཞབས་ལེའོ་ཡེ་ཝོ(Liao Yiwu)དང་ཁོ་མོ་གཉིས་ཀྱི་བར་ཁ་པར་བརྒྱུད་ཁ་བརྡ་བྱེད་སྐབས་བརྗོད་ཡོད་པ་དང་། ལེའོ་ཡེ་ཡིས་ང་ཁོ་མོའི་སྐད་ཆ་དེས་ཧང་སང་བར་བྱས་སོང་སྐོར་བརྗོད་འདུག

ཁ་བརྡའི་སྐབས་ལུའུ་ཞ་ཡིས་ད་ལྟ་ང་ལ་འཇིགས་སྣང་སྐྱེས་ས་གང་ཡང་མེད། ང་རྒྱ་ནག་ནས་ཕྱི་ལ་འགྲོ་མ་ཐུབ་པ་ཡིན་ན་ང་ནང་ནས་རང་ཤི་རྒྱག་གི་ཡིན། ལེའོ་ཞོ་པོ་འདས་གྲོངས་སུ་ཕྱིན་སོང་བས་ད་ལྟ་ང་ལ་འཛམ་གླིང་འདིར་གང་ཡང་ལྷག་མེད་ལ། འཆི་བ་ནི་གསོན་པ་ལས་སླ་བོ་འདུག ང་ལ་རང་ཤི་བརྒྱབ་སྟེ་ངོ་རྒོལ་བྱ་རྒྱུ་ལས་སྟབས་བདེ་བོ་གང་ཡང་ལྷག་མི་འདུག ཅེས་བརྗོད་འདུག

རྩོམ་པ་པོ་སྐུ་ཞབས་ལེའོ་ཡེ་ཝོ(Liao Yiwu)ལགས་ཀྱིས་ཨ་རིར་ཡོད་པའི་(China Change) ཞེས་པའི་དྲ་རྒྱའི་སྟེང་གནད་དོན་དེ་གསལ་བཤད་ཆེད་རྩོམ་ཡིག་ཅིག་བྲིས་ཡོད་པ་དང་། དེ་བཞིན་ཁོས་ལུའུ་ཞ་ཡིས་ཆོག་མཆན་ཡོད་པའི་ངང་ཁོ་གཉིས་ཀྱིས་ཁ་པར་བརྒྱུད་ཁ་བརྡ་བྱས་ཡོད་པའི་སྒྲ་ཡང་ཕྱི་ལ་བཏོན་ཡོད་པ་དང་། ཁོས་སྒྲ་དེ་ཕྱི་ལ་བཏོན་དོན་འཛམ་གླིང་ཡོངས་ཀྱིས་གནད་དོན་དེ་ཤེས་རྟོག་ཆེད་ཡིན་སྐོར་བརྗོད་འདུག

ཁོ་གཉིས་ཀྱི་ཁ་པར་ལས་ཁ་བརྡ་བྱས་པའི་སྒྲ་ཕྱི་ལ་བཏོན་པའི་ནང་། ལུའུ་ཞ་ལགས་ཀྱིས་ངུ་སྐད་ཤུགས་ཆེར་གོ་ཐུབ་པ་དང་མོས་རྩོམ་པ་པོ་ལེའོ་ཡེ་ལགས་སུ་མོ་ཕྱི་རྒྱལ་དུ་འགྲོ་རྒྱུར་གྲ་སྒྲིག་བྱས་ནས་ཡོད་ལ་ཅ་ལག་སོགས་རྒྱབ་ཁུག་ཏུ་བསྡུ་གསོག་བརྒྱབ་ཡོད་སྐོར་བརྗོད་ཡོད་པ་དང་། རྩོམ་པ་པོ་ལེའོ་ཡེ་ཡིས་མི་རིང་བར་རྗར་མན་སྲིད་འཛིན་ཨན་རྗི་ལེ་མི་སྒེར་ཡོང་ནས་ལུའུ་ཞ་ཡི་སྐད་ཆར་ཉན་རྒྱུ་ཡིན་པ་རེད། ང་ཚོས་ངོས་ནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་སོགས་ཀྱིས་ཁོ་མོའི་སྐད་ཆ་དེ་དག་གོ་ཐུབ་པའི་རེ་བ་ཤུགས་ཆེན་པོ་ཡོད། ཅེས་བརྗོད་འདུག

བདུན་སྔོན་མའི་ནང་རྒྱ་ནག་ཏུ་ཡོད་པའི་རྗར་མན་དང་ཨ་རིའི་གཞུང་ཚབ་ཁང་གཉིས་ཀྱིས་རྒྱ་ནག་གཞུང་ལ་ལུའུ་ཞ་ཁང་པའི་ནང་དུ་བཟང་བཙོན་ལ་བཅུག་ཡོད་པ་མྱུར་དུ་ཀློད་གྲོལ་གྱིས་ཕྱི་རྒྱལ་ཁག་ལ་རང་དབང་གིས་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཁས་ལེན་བྱས་ཡོད་འདུག རྗར་མན་དང་ཨ་རི་གཉིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལས་ཐོག་དང་པོ་དང་རྒྱུན་རིང་པོར་ལུའུ་ཞ་བཟང་བཙོན་ནས་ཀློད་གྲོལ་གྱིས་ཕྱི་རྒྱལ་ཁག་ཏུ་རང་དབང་གིས་བསྐྱོད་བཅུག་དགོས་པའི་འབོད་སྐུ་ཞུ་མཁན་རྒྱལ་ཁབ་གཉིས་ཆགས་ཡོད་པ་རེད།

རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོས་རྒྱ་ནག་གཞུང་ལ་ཁོ་མོ་བཟང་བཙོན་ནས་ཀློད་དེ་ཕྱི་ལ་འགྲོ་བཅུག་དགོས་པའི་འབུལ་སྐུལ་བསྟུན་མར་ཞུས་རྐྱེན། ཁོ་མོ་མི་རིང་བར་གཏོང་གི་ཡིན་པའི་ཁས་ལེན་མང་པོ་བྱས་ཡོད་ན་ཡང་ད་ལྟ་བར་དུ་བཏང་མེད་པ་རེད། ཕྱི་ལོ་༢༠༡༠ ལོ་ནས་ཁོ་མོའི་བཟའ་ཟླ་ལེའོ་ཞོ་པོ་རྒྱ་ནག་གཞུང་གིས་བཙོན་བཅུག་བྱས་པ་ནས་ལུའུ་ཞ་ལགས་མོ་རང་གི་ཁང་པའི་ནང་ཕྱི་ལ་སོང་མི་ཆོག་པར་བཟང་བཙོན་དུ་བཅུག་ཡོད་དང་། སྔར་ལོ་ལེའོ་ཞོ་པོ་རྒྱ་ནག་གི་བཙོན་ཁང་ནས་གློ་བའི་སྐྲན་ཅན་དུ་གྱུར་ནས་ཕྱི་ལ་ཡོང་ནས་ཅུང་ཙམ་ལས་མ་འགོར་བར་སྐུ་གྲོངས་པ་དང་། རྒྱ་ནག་གཞུང་གིས་བཟའ་ཟླ་ལུའུ་ཞ་སྔར་བཞིན་བཟང་བཙོན་ལ་བཅུག་ཡོད་པ་རེད།

གསར་འགོད་པ། ཡེ་ཤེས་ལྷ་མོ།