18
Thu, Apr

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ ཟླ་ ༠༢ ཚེས་ ༢༨ ཉིན་སྤེལ།
ཨ་རིའི་གྲོང་སྡེ་སྤྱི་ཁྱབ་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པའི་གནས་ཚུལ་འདུག

འདི་ཟླའི་ཕྱི་ཚེས་ ༢༡ ཉིན། ཨ་རིའི་ཀན་ཊ་ཀེ་ Kentucky མངའ་སྡེ་ནང་གི་བྱམས་བརྩེ་གྲོང་ཁྱེར་ལོ་ཝེལ་ Louisville གྱི་སྤྱི་ཁྱབ་པ་སྐུ་ཞབས་གྷར་གི་ Greg Fischer ལགས་དང་། ཁེ་ལི་ཧྥོར་ནི་ཡ་མངའ་སྡེ་ནང་གི་སྙིང་རྗེ་གྲོང་ཁྱེར་ཨ་ན་ཧེམ་ Anaheim གྱི་སྤྱི་ཁྱབ་པ་སྐུ་ཞབས་ཊོམ་ Tom tait ལགས་རྣམ་གཉིས་བཞུགས་སྒར་ངྷ་ས་༧རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད།

དེ་ཡང་བྱམས་བརྩེ་གྲོང་ཁྱེར་ལོ་ཝེལ་ Louisville གྱི་སྤྱི་ཁྱབ་པ་སྐུ་ཞབས་གྷར་གི་ Greg Fischer ལགས་ཀྱིས་གསུང་དོན། བྱམས་བརྩེའི་བདག་ཉིད་ཆེན་པོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ནས་བྱམས་བརྩེ་གྲོང་ཁྱེར་ལོ་ཝེལ་ནང་གི་འབྱུང་འགྱུར་གྱི་ལས་གཞིའི་སྐོར་ལ་བཀའ་མོལ་བྱུང་བ་ནི་རང་ཉིད་ལ་མཚོན་ན་ཧ་ཅང་གི་སྐལ་བ་བཟང་པོ་རེད། ཅེས་བརྗོད་འདུག

གྲོང་ཁྱེར་སྤྱི་ཁྱབ་པ་རྣམ་གཉིས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐེངས་ཁ་ཤས་མཇལ་འཕྲད་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་ནང་བྱམས་བརྩེ་ལྡན་པའི་ཚོགས་སྡེ་ཞིག་སྐྲུན་ཆེད་ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་པ་ ༢༠༠ ལས་གྲུབ་པའི་ཚོགས་འདུ་ཞིག་བསྐོངས་པ་དང་། ཚོགས་འདུ་དེའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་སློབ་གནང་མཁན་གཙོ་བོར་གདན་འདྲེན་ཞུས་ཡོད། ལོ་དེའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་སྤྱི་ཁྱབ་པ་རྣམ་གཉིས་དང་མཇལ་འཕྲད་གནང་སྟེ་ཨ་རི་ནང་སློབ་གྲྭ་ཁག་ཏུ་འགྲོ་བ་མིའི་རིན་ཐང་སྐོར་ལ་བསླབ་གཞི་བཟོ་དགོས་པའི་བཀའ་མོལ་གནང་ཡོད། ཕྱི་ལོ་ ༢༠༡༡ ལོར་ལོ་ཝེལ་གྲོང་ཁྱེར་གྱིས་རང་གི་གྲོང་ཁྱེར་གྱི་མཚན་ལ་བྱམས་བརྩེ་གྲོང་ཁྱེར་ཞེས་མིང་བཏགས་པ་དང་། ཨ་ན་ཧེམ་གྲོང་ཁྱེར་གྱིས་རང་གི་གྲོང་ཁྱེར་གྱི་མཚན་ལ་སྙིང་རྗེ་གྲོང་ཁྱེར་ཞེས་མིང་བཏགས་ཡོད་པ་བཅས།།