18
Thu, Apr

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༢།༢༢ཉིན་སྤེལ། ཚན་རྩལ་གྱི་རྦ་རླབས་དྲག་ཏུ་འཕྱོ་ལྡིང་བྱེད་པའི་དུས་སྐབས་འདིར་ང་ཚོས་སྔ་ས་ནས་རང་གི་སྐད་ཡིག་དང་རིག་གཞུང་ལ་དུང་བ་ཞིག་ན་གཞོན་ཚོར་བསྐྲུན་མ་ཐུབ་པ་དང་། བདག་གཅེས་ལ་འབད་མ་ནུས་ཚེ་ཡོད་ཚད་མིང་ཙམ་ཞིག་ཏུ་གྱུར་ཚར་རྗེས་ངལ་བ་ཇི་ཙམ་བརྟེན་ཡང་སྙིང་པོ་ལོན་རྒྱུ་དཀའ་བས་ད་ལྟ་མ་སྔ་མ་ཕྱིས་བའི་དུས་ཚིགས་གལ་ཆེན་ཞིག་ཏུ་བརྩིས་ནས་ང་ཚོས་འདི་ལྟར་རང་ནུས་ལ་དཔགས་པའི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་བྱེད་སྒོ་སྤེལ་མུས་ཡིན་ཞེས་གནས་ཚུལ་ཐོན་འདུག

དེ་ཡང་། དོལ་པོ་པདྨ་དགོས་འབྱོར་ལགས་ཀྱིས་གནས་ཚུལ་སྟོན་གནང་བར།  འཚོལ་སྨྱུག་ཚོགས། སྐད་ཡིག་རིག་གཞུང་ལ་དུང་བ་ཡོད་མཁན་ངེད་དོལ་པོའི་ན་གཞོན་ཁག་གཅིག་གིས་ཇ་ཁང་དང་སྲང་ལམ་ཡན་ཆད་ནས་མི་རིགས་ཀྱི་གནས་བབ་གླེང་གིན། འདས་པའི་ལོ་རྒྱུས་དང་མ་འོང་པའི་ཕུན་ཚོགས་དཔལ་ཡོན་ཞིག་གི་ཟམ་པ་ཞིག་ཏུ་དོད་དུ་སྤྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༢ ཉིན་བལ་ཡུལ་བོད་ཀྱི་ཛམ་དཀར་གསོལ་སྒྲོན་ཁང་དུ་དགོང་ཟས་སྟབས་བདེ་ཞིག་ལ་རོལ་ཞོར་འཚོལ་སྨྱུག་ཚོགས་ཞེས་པའི་ཚོགས་པ་འདི་དངོས་སུ་འཛུགས་རྒྱུའི་ཐག་ཆོད་དང་བགྲོས་མཐུན་བྱུང་།

ངེད་རྣམས་ནི་མཐོ་གོ་གནས་དང་། འབྱོར་ལྡན། མིང་གྲགས་ཡོད་མཁན་དེ་འདྲ་ནམ་ཡང་མིན་ལ། ཅི་ཞིག་ཤེས་ཁུལ་གྱིས་ཚོགས་པ་འདི་གཉེར་བ་ཞིག་ཀྱང་གཏན་ནས་མིན། ཚན་རྩལ་གྱི་རྦ་རླབས་དྲག་ཏུ་འཕྱོ་ལྡིང་བྱེད་པའི་དུས་སྐབས་འདིར་ང་ཚོས་སྔ་ས་ནས་རང་གི་སྐད་ཡིག་དང་རིག་གཞུང་ལ་དུང་བ་ཞིག་ན་གཞོན་ཚོར་བསྐྲུན་མ་ཐུབ་པ་དང་། བདག་གཅེས་ལ་འབད་མ་ནུས་ཚེ་ཡོད་ཚད་མིང་ཙམ་ཞིག་ཏུ་གྱུར་ཚར་རྗེས་ངལ་བ་ཇི་ཙམ་བརྟེན་ཡང་སྙིང་པོ་ལོན་རྒྱུ་དཀའ་བས་ད་ལྟ་མ་སྔ་མ་ཕྱིས་བའི་དུས་ཚིགས་གལ་ཆེན་ཞིག་ཏུ་བརྩིས་ནས་ང་ཚོས་འདི་ལྟར་རང་ནུས་ལ་དཔགས་པའི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་བྱེད་སྒོ་སྤེལ་མུས་ཡིན།

ངེད་ཀྱིས་ལས་འགུལ་འདི་དག་གིས་མཐོ་སྒང་ཧི་མ་ལ་ཡའི་ས་ཁུལ་གཞན་ཀུན་ལའང་བརྡ་ལན་ཞིག་སྤྲོད་ཐུབ་པའི་རེ་བ་དང་། འུ་ཅག་རྣམས་མེས་པོའི་ལོ་རྒྱུས་དང་། ད་ལྟའི་སྐད་ཡིག རིག་གཞུང་། གོམས་སྲོལ་ཡོད་དོ་ཅོག་གིས་ཁྱེད་དང་ངེད་ཅེས་ཐ་དད་དུ་འབྱེད་ས་མེད་པ་གསལ་བཞིན་འདུག་ལགས་ན་ལག་རྡང་སྦྲེལ་ནས་ཅིས་མི་འགྲོ། ང་ཚོས་སང་ཉིན་གྱི་ཆེད་དུ། འདི་ལྟར་ཕ་མེས་ནས་བརྒྱུད་པའི་ཡ་རབས་སྲོལ་བཟང་དེ་དག་གཅེས་འཛིན་སླད་ལག་རྡང་སྦྲེལ་ཞིང་དགའ་བའི་འཛུམ་མདངས་དང་ལྷན་དུ་གོམ་ཁ་སྒྱུར་ན་འདོད།

སྤྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣ ཉིན་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཞོན་ཤར་པ་ཨ་ཙཱརྱ་ནོར་བུ་སོགས་གདན་ཞུས་ཐོག་ཚོགས་པ་འདིའི་དབུ་འབྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་བལ་ཡུལ་རྒྱལ་སྤྱིའི་བོད་ཀྱི་གསོལ་མགྲོན་ཁང་ Hotel Tibet International དུ་སྤེལ། <<བལ་ཡུལ་དོལ་པོའི་ཡུལ་ནས་རྩོམ་རིག་གི་ཤོག་ཁག་དབུ་བརྙེས་པ།>> ཞེས་ཀྲུང་གོའི་བོད་ཀྱི་དྲ་བ་དང་། རྫ་ཆུའི་རླབས་སྒྲ། དྲ་ནང་གི་བོད། དེ་བཞིན་བོད་ནང་གི་ཕྲིན་སྟེགས་གང་མང་བཅས་ནས་དོ་སྣང་ཆེན་པོ་བྱས་སོང་པ་དེ་ཡང་ཚོགས་པ་འདིའི་གསོན་ཤུགས་ལ་རྣོ་ངར་ཞིག་བྱིན་ཡོད།

སྤྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༧ ཉིན་སྐབས་གཉིས་པ་འཚོལ་སྨྱུག་ཚོགས་ཀྱིས་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་ལ་དོལ་པོ་སློབ་ཕྲུག་ཚོགས་པས་མཐུན་འགྱུར་གནང་། བཀུར་འོས་དོལ་པོ་སྤྲུལ་སྐུ་རིན་པོ་ཆེ། གློ་བོ་ས་སྐྱ་ནང་པའི་ཚོགས་གཞོན་སློབ་དཔོན་ཚེ་རིང་བཀྲ་ཤིས་མཆོག འབུམ་རམས་པ་ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་མཆོག ནེ་པལ་གདོད་མའི་མི་རིགས་ཚོགས་ཆེན་གྱི་དྲུང་ཆེ་ཟུར་པ་ཤར་པ་ཨང་ཀ་ཇི་བཅས་ཆེད་དུ་གདན་ཞུས་ཐོག་སྐད་ཡིག་རིག་གཞུང་དང་སྤྱི་དང་། ཁྱད་པར་དོལ་པོའི་ལོ་རྒྱུས་སོགས་ཀྱི་སྐོར་ནས་ཚ་ཚ་འུར་འུར་གྱིས་བགྲོ་གླེང་ཞིག་གོ་སྒྲིག་བྱེད་ཐུབ་པར་ངེད་རྣམས་སྤྲོ་བ་བརྟས།

འགྲོ་བ་མིའི་བདེ་སྐྱིད་ནི་ཕྱིའི་དཔལ་འབྱོར་ཁོ་ན་མིན་པར་ནང་གི་ཤེས་རིག་དང་བསམ་པའི་དཔལ་ཡོན་ལའང་ལྟོས་ཡོད་པས་ན་རང་རེའི་ཕ་མེས་ནས་བརྒྱུད་པའི་གནའ་བོའི་ཆོས་རིག་དེ་དག་གིས་འགྲོ་བ་མིའི་བདེ་སྐྱིད་ལ་ཤུགས་རྐྱེན་ངེས་ཅན་ཞིག་བསྐྲུན་ནུས་པས་ང་ཚོ་འདི་ལྟར་འདར་འདར་ཡོམ་ཡོམ་ངང་གོམ་པ་སྤོ་དོན་ཡང་དེ་ལྟར་ཡིན།