19
Fri, Apr

༸གོང་ས་མཆོག་གིས་ནང་པའི་གཞུང་ལ་སློབ་གཉེར་གནང་དགོས་སྐོར་གསུངས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༥པའི་ཚེས་༢༠ཉིན། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ནས་ཝི་ཏི་ནམ་གྱི་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་གནང་ཞིང་། སྐབས་དེར། མགོན་པོ་གང་ཉིད་ཀྱིས་གསུང་དོན། ང་ཚོས་རྒྱུན་ལྡན་ནང་ཆོས་ལ་སློབ་གཉེར་བྱ་རྒྱུའི་ཐད་དེ་ཙམ་དོ་སྣང་བྱེད་ཀྱི་མི་འདུག མཁན་ཆེན་ཞི་བ་འཚོས་བོད་མི་ཚོ་ལ། དད་པ་ཙམ་གྱིས་མི་ཆོག་པར་ནང་ཆོས་ལ་སློབ་གཉེར་བྱེད་དགོས་པའི་བཀའ་སློབ་དེ་ཧ་ཅང་གནད་འགག་ཆེན་པོ་མཐོང་གི་འདུག ང་ཚོ་བོད་མི་ཚོས་ཁོང་གི་བཀའ་སློབ་དེ་དག་ལྷག་བསམ་རྣམ་དག་ཐོག་ནས་ལག་བསྟར་བྱེད་བཞིན་ཡོད། ཅེས་དང་། དེང་སྐབས་ཚན་རིག་པ་མང་པོས་བརྟག་དཔྱད་བྱས་པ་བརྒྱུད། མིའི་གཞི་རྩའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཡིན་སྐོར་བརྗོད་ཀྱི་འདུག དེར་རྒྱུ་མཚན་ཡོད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཡིན། ང་ཚོ་སྐྱེ་ཙམ་ཉིད་ནས་མའི་བྱམས་བརྩེས་བསྐྱངས་པ་རེད། ཅེས་གསུངས་སོང་།

དེ་ཡང་ཐོག་མར་མགོན་པོ་གང་ཉིད་ཀྱིས་ཉེ་ལམ་བྱུང་བའི་སྐུའི་འཕྲོད་བསྟེན་གྱི་གནས་ཚུལ་དང་། ད་ཆ་སང་དྲག་ཕྱིན་ཡོད་པ། ཉེ་སྔོན་ལྷ་མི་ཟུང་འབྲེལ་གྱི་ཐོག་ནས་བརྟན་བཞུགས་ཕུལ་བ་བཅས་ཀྱི་སྐོར་ནས་མདོར་ཙམ་གསུངས་རྗེས། ནང་ཆོས་ཀྱི་གཞུང་ནི་རིགས་པ་དང་རྒྱུ་མཚན། བརྟག་དཔྱད་ཀྱི་ཐབས་ལ་བརྟེན་ཡོད་ཚུལ་དང་། དེའི་ཐད་ལ་དོ་སྣང་བྱེད་དགོས་སྐོར་འདི་ལྟར་གསུང་དོན། ཆོས་རྒྱལ་གྱིས་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་གདན་དྲངས། མཁན་ཆེན་གྱིས་བོད་དུ་ནང་ཆོས་དར་སྤེལ་མཛད་ཡོད། དེ་ལྟ་བུ་སངས་རྒྱས་པའི་གཞུང་དེ་རིགས་པའི་ལམ་ནས་བརྟག་ཤིང་དཔྱད་དེ་གཏན་ལ་ཕབ་པ་ཞིག་རེད། དཔེར་ན། སྟོན་པ་རང་གིས་ཞལ་སྔ་ནས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་བཀའ་སྩལ་ཡོད། དེར་བརྟེན་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་རིག་གཞུང་དེ་གཙོ་བོ་དད་པ་དང་ཡིད་ཆེས་ཙམ་ལ་ཆ་མ་བཞག་པར་རིག་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་ཆོས་རྣམས་ཀྱི་གནས་ལུགས་ལ་བརྟག་ཤིང་དཔྱད་ནས་འགྲོ་དགོས་པ་དེ་འདྲ་རེད། ཁྱེད་ཚོ་ཝི་ཏི་ནམ་ཚོ་ཡང་ལེགས་སྦྱར་ནང་ཡོད་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་པ་རེད། ང་ཚོ་བོད་མི་ཚོའང་གཅིག་མཚུངས་རེད། ཕྱོགས་མཚུངས་རྒྱ་རིགས་ནང་པ་ས་ཡ་མང་པོས་ནཱ་ལེནྡྲའི་ཆོས་བརྒྱུད་རྗེས་སུ་འབྲང་བཞིན་ཡོད། དེ་བཞིན་ཉི་ཧོང་དང་ཀོ་རི་ཡར་མཚོན་ནའང་དེ་མཚུངས་ཆགས་ཡོད། འོན་ཀྱང་རིགས་ལམ་ཐོག་ནས་འགྲོ་སྟངས་དེར་དེ་ཙམ་དོ་སྣང་གནང་གི་མི་འདུག ཅེས་གསུངས།

ཡང་མགོན་པོ་གང་ཉིད་ཀྱིས་ནང་ཆོས་ལ་སློབ་གཉེར་བྱེད་དགོས་པ་གལ་ཆེ་ཚུལ་གྱི་སྐོར་ནས་འདི་ལྟར་གསུང་དོན། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པའི་ཁོངས་ནས་ནང་པ་ཐེར་འབུམ་གཅིག་མ་ཟིན་ཙམ་ཡོད། ཡེ་ཤུ་དང་ཁ་ཆེ་ཐེར་འབུམ་གཅིག་ཙམ་ཡོད། ཧིན་རྡུ་ས་ཡ་དྲུག་བརྒྱ་ཙམ་ཡོད། དེ་སྔ་ནང་པ་ས་ཡ་དྲུག་བརྒྱ་ནས་བདུན་བརྒྱའི་བར་ཡོད་པ་བཤད་ཀྱི་འདུག ད་ཆ་རྒྱ་ནག་ནང་དུ་ནང་པ་མང་དུ་འགྲོ་བཞིན་འདུག དེར་བརྟེན། ད་ཆ་འཛམ་གླིང་ནང་དུ་ནང་པ་ཐེར་འབུམ་གཅིག་མ་ཟིན་ཙམ་ཡོད། ང་ཚོ་ཚང་མས་སངས་རྒྱས་ལ་སྐྱབས་སུ་མཆིའོ།། །ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།། ཞེས་དུས་རྟག་ཏུ་འདོན་བཞིན་ཡོད། འོན་ཀྱང་སངས་རྒྱས་དཀོན་མཆོག་ཟེར་ན་གང་ཡིན་པ་དང་། སངས་རྒྱས་ག་པར་ཡོད། ཆོས་དཀོན་མཆོག་ཟེར་ན་གང་རེད། ཅེས་དྲིས་པ་ཡིན་ན། ཧ་ལམ་ཤོད་རྒྱུ་མེད། ( བཞད་མོ་བཞད། ) ཆོས་གང་རེད། ང་ཚོས་རྒྱུན་ལྡན་ནང་ཆོས་ལ་སློབ་གཉེར་བྱ་རྒྱུའི་ཐད་དེ་ཙམ་དོ་སྣང་བྱེད་ཀྱི་མི་འདུག མཁན་ཆེན་ཞི་བ་འཚོས་བོད་མི་ཚོ་ལ། དད་པ་ཙམ་གྱིས་མི་ཆོག་པར་ནང་ཆོས་ལ་སློབ་གཉེར་བྱེད་དགོས་པའི་བཀའ་སློབ་དེ་ཧ་ཅང་གནད་འགག་ཆེན་པོ་མཐོང་གི་འདུག ང་ཚོ་བོད་མི་ཚོས་ཁོང་གི་བཀའ་སློབ་དེ་དག་ལྷག་བསམ་རྣམ་དག་ཐོག་ནས་ལག་བསྟར་བྱེད་བཞིན་ཡོད། གོང་དུ་བརྗོད་པ་ལྟར་དེ་རིང་ཝི་ཏམ་ཆོས་གྲོགས་ཕོ་མོ་ཚོ་དང་ཐུག་པར་ཧ་ཅང་དགའ་པོ་བྱུང་། ཤེར་ཕྱིན་གྱི་མདོ་གཙོ་བོའི་རྗེས་སུ་འབྲང་མཁན་ནམ་། ཡང་ན་ལེགས་སྦྱར་གྱི་གཞུང་རྗེས་སུ་འབྲང་མཁན་གྱི་ནང་པ་ཚོས་བྱང་ཆུབ་ཀྱི་སེམས་ལ་དོ་སྣང་ཧ་ཅང་བྱེད་ཀྱི་ཡོད། རང་ཉིད་དང་འདྲ་བར་སེམས་ཅན་གཞན་ཚོའང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་གཅིག་མཚུངས་སུ་བལྟས་ནས་རང་ལས་གཞན་གཅེས་པར་འཛིན་ནས་འགྲོ་སྟངས་འདི་དཔལ་ནཱ་ལེནྜའི་ཆོས་བརྒྱུད་རྗེས་སུ་འབྲང་མཁན་ཚོས་ཉམས་བཞེས་གཙོ་བོ་རེད། ཅེས་གསུངས་སོང་།

དེ་ནས་༸གོང་ས་མཆོག་གིས་དཀའ་ངལ་ཀུན་གྱི་གཞི་རྩ་ནི་རང་གཅེས་འཛིན་གྱི་བསམ་བློ་ཡིན་པའི་ཐད་ནས་འདི་ལྟར་གསུང་དོན། པཱ་ལིའི་གཞུང་ནས་གཙོ་བོ་གང་ཟག་རང་ཉིད་ཐར་པ་ཐོབ་རྒྱུའི་སྐོར་གསུང་ཡོད། ལེགས་སྦྱར་གཞུང་ནས་སེམས་ཅན་ཐམས་ཅང་ཐར་པའི་ལམ་ལ་དཀྲི་དགོས་པའི་སྐོར་གསུང་ཡོད། ད་ལྟའི་འཛམ་གླིང་གི་གནས་སྟང་ཐོག་བསམ་བློ་གཏོང་སྐབས། དེ་ལྟ་བུའི་འདུ་ཤེས་དེ་ཧ་ཅང་ཕན་ཐོགས་ཆེན་པོ་འདུག ད་ལྟ་འཛམ་གླིང་ནང་དཀའ་ངལ་ཧ་ཅང་ཡོད། དཀའ་ངལ་མང་ཆེ་བ་མིས་བཟོས་པ་ཤ་སྟག་རེད། སོ་སོ་རང་ཉིད་དང་རང་གི་གཉེན་ཉེ་འཁོར་ཙམ་མ་གཏོགས་གཞན་གཅེས་འཛིན་གྱི་བསམ་བློ་མེད་པར་བརྟེན་དཀའ་ངལ་དེ་དག་འཕྲད་བཞིན་ཡོད། འདི་ནི་དཀའ་ངལ་གྱི་གཞི་རྩ་རེད། ཅེས་གསུངས་སོང་།

དེང་སྐབས་ཚན་རིག་པ་མང་པོས་བརྟག་དཔྱད་བྱས་པ་བརྒྱུད། མིའི་གཞི་རྩའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཡིན་སྐོར་བརྗོད་ཀྱི་འདུག དེར་རྒྱུ་མཚན་ཡོད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཡིན། ང་ཚོ་སྐྱེ་ཙམ་ཉིད་ནས་མའི་བྱམས་བརྩེས་བསྐྱངས་པ་རེད། སྐབས་དེར་མའི་བྱམས་བརྩེ་མེད་ན་ང་ཚོ་འཚོ་ཐབས་བྲལ། ཝི་ཏི་ནམ་མི་མང་ལ་མཚོན་ན་སྙིང་སྟོབས་ཧ་ཅང་ཡོད། ཁྱེད་ཚོས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ལྷོ་བྱང་ཁག་གཉིས་སུ་གྱེས་ནས་དཀའ་ངལ་ཧ་ཅང་མྱངས་པ་རེད། སྐབས་དེར་ཨ་རིའི་སྟོབས་ཤུགས་ལ་ཕམ་ཉེས་བཏང་ནས་གཡུལ་ལས་རྣམ་པར་རྒྱལ་ཐུབ་ཡོད། ངོས་ཀྱིས་ཨ་རིའི་གཞུང་ཚབ་ཁང་གི་ཁང་ཐོག་ཞིག་གི་སྟེང་ཨ་རིའི་རྒྱལ་དར་བཙུགས་པ་ཞིག་ཐད་འཕུར་གནམ་གྲུ་ཞིག་གིས་ཕབ་པ་བརྙན་འཕྲིན་ཞིག་ནས་མཐོང་བྱུང་། ཞེས་མགོན་པོ་གང་ཉིད་བཞད་མོ་བཞད་ཞོར་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེ་དང་ལྡན་པ་ཞིག་ཡིན་སྐོར་དེ་ལྟར་གསུངས་གནང་སོང་།