17
Mon, Jun
18 New Articles

༢༠༡༩ལོའི་ཟླ་༥་ཚེས་༡༧་ཉིན། ༸པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི ཟླ་༥ ཚེས་༡༧ ཉིན། རྒྱ་གར་ལྷོ་ཕྱོགས་སུ་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོས་རྒྱབ་སྐྱོར་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གོ་སྒྲིག་འོག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་ཉེ་ཆར་ཁོང་གི་ཆེད་དུ་བཙོན་འཇུག་བྱས་པའི་བོད་ནང་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་ཡོང་ཆེད་དུ་སྦག་སྦག་བསྐོར་བསྐྱོད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་དང་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་སོང་།

དེ་ཡང་ཞོགས་པ་སྔ་པོར་བྱེས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་འགོ་འཛུགས་ཏེ་མཱེ་སོར་གྲོང་ཁྱེར་བར་སྦག་སྦག་སྐོར་བསྐྱོད་པ་མི་གྲངས་ ༣༥ ལས་བརྒལ་བ་ཞིག་འདུལ་འཛོམས་བྱས་ཏེ་མེ་སོར་གྲོང་ཁྱེར་བར་དུ་( 83.3km)བསྐྱོད་ཡོད་པ་དང་ལམ་བར་ཆུ་ཚོད་གསུམ་ཡས་མས་ཤིག་འགོར་འདུག མེ་སོར་རྒྱལ་སར་སླེབས་ནས་ས་གནས་དེའི་དཔོན་རིགས་ཁག་དང་ལས་ཁུང་ཁག དེ་བཞིན་མི་དམངས་སོགས་ལ་ཡིག་ཆ་འདི་འདྲ་ཞིག་དབྱིན་ཡིག་ནང་བཀྲམ་འདུག

སྤྱི་ལོ་༢༠༡༩ ཟླ་༥ ཚེས་༡༧ ཉིན་ནི་ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཏེ་མི་ལོ་ཧྲིལ་པོ་༢༤ འཁོར་བའི་གལ་ཆེའི་ཉིན་མོ་ཞིག་ཆགས་ཡོད་ཅིང། དུས་དེ་ནས་བཟུང་ད་བར་མགོན་པོ་གང་ཉིད་གང་དུ་ཡོད་པ་དང་། གནས་སྟངས་ཇི་འདྲ་ཆགས་ཡོད་པ་སོགས་ཁ་གསལ་ཞིག་ཕྱི་ནང་སྐྱེ་བོ་སུས་ཀྱང་ཤེས་རྟོགས་མེད་པར་ལུས་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་འབྲེལ་ཡོད་ཚོགས་སྡེ་ཁག་དང་མི་སྒེར་སོགས་ཀྱིས་རྒྱ་ནག་གཞུང་ལ་མགོན་པོ་གང་ཉིད་གང་དུ་བཞུགས་ཡོད་པ་དང་། སྐུ་གཟུགས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་ཀྱི་དྲི་བ་མང་པོ་བཏང་ཡོད་ཀྱང་རྒྱ་ནག་གཞུང་གིས་ཁོང་སློབ་སྦྱོང་གནང་ཀྱི་ཡོད་པ་དང་། ཁོང་གིས་མི་གཞན་དག་དང་ཐུག་འདོད་གནང་གི་མེད་པ་སོགས་ད་བར་ཡང་དག་པའི་ལན་འདེབས་ཤིག་གཏན་ནས་མ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་དང་དྲང་བདེན་ལ་དགའ་བའི་མི་རྣམས་མགོ་བོ་རྨོངས་བྱེད་ཀྱི་རྫུན་གཏམ་ཁོ་ན་བཤད་ནས་ཉིན་མ་འཁྱོལ་ཐབས་བྱས་ཡོད།

དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་བརྩལ་འཚོལ་གྱི་ཆོས་ལུགས་ཀྱི་ཆོ་ག་དང་། སྲོལ་རྒྱུན་གྱི་ལམ་སྲོལ། རྒྱལ་དབང་ཡབ་སྲས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་བླ་སློབ་ཀྱི་འབྲེལ་ལམ་སོགས་ལོ་རྒྱུས་ཀྱི་དོན་དངོས་ལ་གཞི་བཅོལ་ནས་ཐུགས་ཐག་བཅད་པ་ཞིག་ཆགས་ཡོད་ལ། མགོན་པོ་གང་ཉིད་ཀྱི་ཐག་གཅོད་དེར་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རང་གདན་བཀྲིས་ལྷུན་པོ་དང་། བོད་ཀྱི་སེར་སྐྱ་མི་དམངས། དེ་བཞིན་བོད་རྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་གྱི་དད་ལྡན་མང་ཚོགས་དང་། ཐ་ན་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་མི་དམངས་ཡོངས་ནས་ཀྱང་ཡིད་ཆེས་དང་རྒྱབ་སྐྱོར་ཞུ་མུས་ཡིན་ཀྱང་། རྒྱ་ནག་གཞུང་གིས་དོན་དངོས་ལ་རྒྱབ་འགལ་དང་། དམངས་སེམས་རྡོག་རོལ་གཏོང་དང་གཏོང་མུས་ཡིན་པས། ང་ཚོས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཡབ་ཡུམ་སྐུ་འཁོར་ལྷན་རྒྱས། དེ་བཞིན་བྱ་བྲལ་རིན་པོ་ཆེ་དང་བཅས་པ་ཚང་མར་སྐྱེ་བོ་ཀུན་དང་འདྲ་བའི་རང་དབང་དང། འདྲ་མཉམ་གྱི་ཐོབ་ཐང་སྤྲོད་དགོས་པ་མ་ཟད། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རང་གདན་བཀྲིས་ལྷུན་པོར་ཞབས་གསོར་འཁོད་ནས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་སྐྱོང་བའི་ཐོབ་ཐང་དང་གནས་བབ་ཆ་ཚང་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

དེ་དང་ཆབས་ཅིག་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་གར་སོང་ཆ་མེད་ཀྱི་ལས་དོན་རུ་ཁག་རྒྱ་ནག་ལ་ཐེ་ཇུས་མེད་པར་དངོས་སུ་ལྟ་སྐོར་དང་ཞིབ་འཇུག་ཆེད་ཕེབས་དགོས་པའི་འབོད་སྐུལ་སྤྱི་ལོ་༢༠༡༣ཟླ་༢ ཚེས་༡༩ཉིན་ཐོག་མ་བྱས་པ་ནས་སྤྱི་ལོ་༢༠༡༨ ཟླ་བ་ ༡ པོའི་ཚེས་ ༡༩ བར་དྲན་སྐུལ་ཐེངས་བཞི་ཙམ་བྱས་ཀྱང་རྒྱ་ནག་གཞུང་གིས་ཡ་ལན་རྩ་བ་ནས་བྱས་མེད། ང་ཚོས་འདི་ལྟ་བུའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་རང་དབང་ཅན་གྱི་སྐུ་ཚབ་མངགས་གཏོང་དགོས་པའི་འབོད་སྐུལ་དང་། སྐུ་ཚབ་དེ་འདྲས་རྒྱ་ནག་གཞུང་གི་ཐེ་ཇུས་མེད་པར་ཞིབ་འཇུག་གིས་ལམ་ནས་བཤད་པའི་སྐད་ཆར་ཡིད་བརྟན་ཆོག་པ་ཡིན། པཎ་ཆེན་རིན་པོ་ཆེ་མཆོག་ནི་བོད་ཀྱི་ཆོས་ལུགས་གནད་དོན་ཙམ་མ་ཟད་། བོད་མི་རིགས་གཉན་འཕྲང་ཆེ་བའི་སྐབས་ཀྱི་བོད་དོན་འཐབ་རྩོད་ཁྲོད་གལ་གནད་ཤིན་ཏུ་ཆེ་བའི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད་སྟབས། དེ་རིང་གི་གོ་སྐབས་འདི་རྒྱུད་ནས་རྒྱ་གར་གཞུང་དམངས་གཉིས་ལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཐད་ཕན་ཡོད་ནུས་ལྡན་གྱི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་ལ། ཉེ་ལམ་ཁམས་དཀར་མཛེས་ཁུལ་དུ་བོད་མི་ཚོས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་དགོས་པའི་སྐད་འབོད་བྱས་པར་རྒྱ་གཞུང་གིས་བོད་མི་བཞི་ཙམ་འཇུ་བཟུང་དང་ཁོ་ཚོར་ཚད་གཞི་འདྲ་མིན་གྱི་ལོ་ཚད་ཁྲིམས་ཐག་བཅད་པ་དང། སྐབས་དེར་བེུད་ཞིག་གིས་ཕྱི་ཕྱོགས་སུ་གནས་ཚུལ་བཏང་བའི་དབང་གིས་ལོ་གཅིག་དང་ཕྱེད་ཀ་བཙོན་འཇུག་བྱས་ཡོད་པས། ཁོང་རྣམས་ཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་ཡང་ཞུ་རྒྱུ་དང་བཅས་བཀོད་འདུག

དགོང་མོ་ཆུ་ཚོད་དྲུག་ཡས་མས་སུ་མེ་སོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་བོད་རིགས་སློབ་གྲོགས་མཐུན་ཚོགས་དང་མཉམ་དུ་མར་མེ་ཁྲོམ་སྐོར་བྱས་ཏེ་ལས་གཞི་མཇུག་བསྡུས་སོང་།

ལྷོ་ཕྱོགས་བྱམས་པས།

གསལ་བསྒྲགས་ཀྱི་ས་མིག