16
Tue, Apr

༢༠༡༩ལོའི་ཟླ་༥་ཚེས་༡༢་ཉིན། ༸གོང་ས་མཆོག་གིས་བཀའ་བསྟན་ང་ཚོའི་སློབ་དེབ་ཡིན་སྐོར་གསུངས་སོང་། པར། ༸རྒྱལ་བ་རིན་པོ་ཆེའི་དྲ་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༥་ཚེས་༡༣ཉིན་སྤེལ། ཚེས་༡༠ནས་བཟུང་ནས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་གཙོ་བོ་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་བསྩལ་བའི་རྒྱུད་བླ་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་ཚེས་༡༢ ཉིན་མཇུག་སྒྲིལ་མཛད།

སྐབས་དེར། མགོན་པོ་གང་ཉིད་ཀྱིས་སེམས་བསྐྱེད་ཞེས་པ་ང་རང་ཚོའི་རྣམ་པར་ཤེས་པའི་རྒྱུན་འདིའི་སྟེང་ནས་སྐྱོན་གྱི་རིགས་མཐའ་དག་ཟད། རྟོགས་པའི་རིགས་མཐའ་དག་མཐར་ཕྱིན་པ་བླ་མེད་བྱང་ཆུབ་ཅེས་པ་ང་ཚོར་རྣམ་པར་ཤེས་པ་ཡོད་པ་འདིའི་བསྒྲུབ་བྱ་མཐར་ཐུག་ཆགས་ཡོད་ཅེས་དང་། སྔོན་གྱི་ལོ་ཙྭ་བ་ཚོས་མཁན་ཆེན་ཞི་བ་འཚོའི་བཀའ་སློབ་གཞིར་བཟུང་བཀའ་འགྱུར་བསྟན་འགྱུར་བོད་སྐད་ནང་སྒྱུར་ཞེས་པ་ལྟར་བོད་སྐད་དུ་བསྒྱུར་བའི་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཡོད་པ་དེ་དག་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་སློབ་དེབ་རེད། ཅེས་གསུང་གི་བདུད་རྩི་བསྩལ་སོང་།

དེ་ཡང་གསུང་ཆོས་ཀྱི་ཉིན་མཐའ་མ་སྟེ། དགེ་བ་སེམས་བསྐྱེད་ཀྱི་གོ་དོན་དང་དམིགས་པའི་སྐོར་ནས་ཐོག་མར་མགོན་པོ་གང་ཉིད་ཀྱིས་འདི་ལྟར་གསུངས་དོན། དེ་རིང་མཇུག་ཏུ་དགེ་བ་སེམས་བསྐྱེད་གདོན་རྒྱུ་ཡིན། སེམས་བསྐྱེད་ཞེས་པ་ང་རང་ཚོའི་རྣམ་པར་ཤེས་པའི་རྒྱུན་འདིའི་སྟེང་ནས་སྐྱོན་གྱི་རིགས་མཐའ་དག་ཟད། རྟོགས་པའི་རིགས་མཐའ་དག་མཐར་ཕྱིན་པ་བླ་མེད་བྱང་ཆུབ་ཅེས་པ་ང་ཚོར་རྣམ་པར་ཤེས་པ་ཡོད་པ་འདིའི་བསྒྲུབ་བྱ་མཐར་ཐུག་ཆགས་ཡོད། སེམས་གསལ་རིག་གི་ནུས་པ་ཆ་ཚང་རྫོགས་པ་ཞིག་ལ་བླ་མེད་བྱང་ཆུབ་བརྗོད། བསྒྲུབ་བྱ་མཐར་ཐུག་རེད། བསྒྲུབ་བྱ་མཐར་ཐུག་དེའི་སྒྲུབ་བྱེད་མཐར་ཐུག་དེ་དག་པའི་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས། ཞེས་པ་འདི་ཆགས་ཡོད། འདུན་པ་གཉིས་ལྡན་གྱི་སེམས་བསྐྱེད། ཕྱེད་དུ་བྱ་བ་གཞན་དོན་དུ་དམིགས་ནས་ནམ་མཁའི་མཐར་ཐུག་པའི་སེམས་ཅན་ཐམས་ཅང་རྫོགས་བྱང་གི་ས་ལ་འགོད་འདོད་ཀྱི་བསམ་པས་རང་གིས་རྣམ་མཁྱེན་དོན་དུ་གཉེར་རྒྱུའི་འདུན་པ་གཉིས་ལྡན་གྱི་བློ་དེ་རྣམ་མཁྱེན་བསྒྲུབ་རྒྱུའི་ཐབས་ཡག་ཤོས་དེ་ཆགས་ཡོད། ཅེས་གསུངས་ཏེ། དཔལ་ལྡན་ཟླ་བ་གྲགས་པས་གསུངས་པའི་སྟོང་ཉིད་ཀྱི་ལྟ་བས་གྲོགས་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ཡོང་སྟངས་དེའི་ཚིགས་བཅད་ཤོ་ལོ་ཀ་དེ་དག་དང་། ད་དུང་། དབུ་མ་འཇུག་པའི་མཆོད་བརྗོད་དང་། དེའི་ནང་གི་ཤོ་ལོ་ཀ་ཞིག་ཤར་མར་གསུངས་ཏེ། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ཟུང་འབྲེལ་བྱེད་དགོས་པའི་བཀའ་གནང་སོང་།

དེ་ནས་༸གོང་ས་མཆོག་གིས་བྱང་སེམས་ཀྱི་ཕན་ཡོན་དང་དེའི་འབྲེལ་གྱི་མཁས་པའི་ཆེ་བ་འདི་ལྟར་གསུངས་དོན། ང་ཚོ་བདེ་སྐྱིད་འདོད་མཁན་ཚོའི་བསྒྲུབ་བྱ་མངོན་མཐོ་དང་ངེས་ལེགས། ཐམས་ཅད་མཁྱེན་པའི་གོ་འཕང་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་སྒྲུབ་བཞིན་ཡོད། དེ་ལྟ་བུའི་ཕན་ཡོན་ཅན་བཅོམ་ལྡན་འདས་བྱུང་ནས་དུས་ད་བར་བསྟན་པ་འདིའི་དབང་དུ་བྱས་ནའང་། གང་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་མཁན་རྣམ་དཔྱོད་ཅན་ཚང་མས་ལམ་འདི་ལ་བསླབས་ནས་ཕེབས་པ་རེད། དེར་བརྟེན། ང་རང་ཚོའི་སངས་རྒྱས་སྐྱབས་སྟོན་པ་པོ། ཆོས་སྐྱབས་དངོས། དགེ་འདུན་སྐྱབས་བསྒྲུབ་པའི་ཟླ་གྲོགས། ཞེས་པ་ལྟར་ཀླུ་སྒྲུབ་ཡབ་སྲས་ནས་ཐོགས་མེད་སྐུ་མཆེད་ལ་སོགས་པ། ལྟ་གྲུབ་ཀྱི་ཆ་ནས་སྐབས་རེ་དབུ་མ་པ་འགའ་ཤས་ཀྱིས་དཔེར་ན། སློབ་དཔོན་ལེགས་ལྡན་གྱི་དབུ་མ་སྙིང་པོའི་ནང་སེམས་ཙམ་པའི་ལྟ་གྲུབ་གསུང་པའི་མགོ་དེར། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་གིས་ཟིན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལྟ་གྲུབ་ལས་ལོགས་སུ་སེམས་ཙམ་པའི་ལྟ་གྲུབ་འཆད་པ་འདི་ངོ་ཚ་ཁྲེལ་མེད་རེད། ཅེས་གསུང་ཡོད། དེ་ལྟ་བུའི་རྣམ་དཔྱོད་ཅན་གྱི་བློ་གྲོས་གོང་ནས་གོང་དུ་འཕེལ་བའི་དོན་དུ་དོགས་སློང་དང་དགག་གཞག་སྤོང་གསུམ་མང་པོ་ཡོང་གི་ཡོད། དེས་ཕན་ཐོགས་ཧ་ཅང་ཡོང་བཞིན་འདུག ཅེས་བཀའ་བསྩལ་སོང་།

ཡང་མགོན་པོ་གང་ཉིད་ཀྱིས་ནང་པའི་གཞུང་འཇུག་སྐབས་དོགས་སློང་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་། བོད་སྐད་དུ་བཞུགས་པའི་བཀའ་བསྟན་རྣམས་སློབ་དེབ་ཅིག་གི་ཚབ་ཏུ་བཞག་སྟེ་སློབ་གཉེར་བྱེད་དགོས་སྐོར་འདི་ལྟར་གསུང་དོན། ཀླུ་སྒྲུབ་ཀྱི་གཞུང་ཁོ་ན་མ་གཏོགས་མེད་པ་བྱས་ནས་བལྟས་པ་ཡིན་ན་དོགས་སློང་དེ་དག་མེད། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏ་ཧ་ཅང་གཏིང་ཟབ་པོ་ཡོད། ཐ་སྙད་པའི་རྣམ་གཞག་གསུང་ཡོད། ཧ་ཅང་ཟབ་པོ་ཡོད། འོན་ཀྱང་དོགས་སློང་དམིགས་བསལ་རྒྱ་ཆེ་བ་མེད། དེ་ལ་སློབ་དཔོན་ལེགས་ལྡན་གྱིས་དོགས་སློང་གནང་བའི་རྒྱུ་རྐྱེན་ལ་བརྟེན་ནས་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པ་དང་། འཇུག་པ་རང་འགྲེལ་གཙོ་བོ་ཚིགས་གསལ་ནང་དུ་ཐ་སྙད་དུ་རང་མཚན་ཡོད་མེད་སྐོར་ལ་ཧ་ཅང་ཞིབ་ཚགས་པོར་གསུང་ཡོད། མཁས་པའི་དབང་པོ་དེ་དག་གིས་ཞེ་ས་མ་ཞུས་ན་དབུ་མཁྲེགས་པོ་བྱས་ནས་བཞུགས་པ་དེ་ཧ་ཅང་གཟི་བརྗིད་རེད་འདུག ང་ཚོ་རྗེས་འཇུག་གི་གདུལ་བྱ་ཚོས་གཞུང་དེ་དག་ལ་ལྟ་ཀློག་བྱས་ནས་བསམ་བློ་བཏང་བ་ཡིན་ན་ཐེངས་རེ་ཀློག་སྐབས་བློ་སྐྱེད་གསར་པ་རེ་ཡོང་གི་འདུག དེ་དག་ཧ་ཅང་གནད་ཆེན་པོ་རེད་འདུག དེ་འདྲ་བསམ་བློ་གཏོང་སྐབས་སྔོན་གྱི་ལོ་ཙྭ་བ་ཚོས་མཁན་ཆེན་ཞི་བ་འཚོའི་བཀའ་སློབ་གཞིར་བཟུང་བཀའ་འགྱུར་བསྟན་འགྱུར་བོད་སྐད་ནང་སྒྱུར་ཞེས་པ་ལྟར་བོད་སྐད་དུ་བསྒྱུར་བའི་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཡོད་པ་དེ་དག་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་སློབ་དེབ་རེད། ཅེས་སོགས་ཀྱི་བཀའ་སློབ་ཀྱི་བདུད་རྩི་བསྩལ་སོང་།