18
Sun, Aug

༢༠༡༩ལོའི་ཟླ་༤་ཚེས་༢༦་ཉིན་གཞོན་སྐྱེས་ཚོས་བོད་ཡིག་ཡག་པོ་སྦྱོང་དགོས་ཞེས་༸གོང་ས་མཆོག་གིས་བཀའ་སྩལ་འདུག

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༤་ཚེས་༢༦ཉིན། རྒྱ་གར་རྒྱལ་ས་ལྡི་ལིའི་བོད་ཁྱིམ་སྡོད་ཁང་གི་ཚོགས་ཁང་ནང་དུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལིའི་ཁུལ་གྱི་བོད་ཀྱི་མཐོ་སློབ་སློབ་མ་དང་སློབ་ཕྲུག་རྣམས་ལ་ནང་པའི་སེམས་ཁམས་རིག་པ་དང་ལྟ་གྲུབ་དེ་ཚོར་འགྲེལ་བཤད་རྒྱག་སྐབས། བོད་ཡིག་དེ་ཡག་ཤོས་རེད། དེར་བརྟེན་བོད་པའི་གཞོན་སྐྱེས་ཚོས་བོད་ཡིག་ལ་དོ་སྣང་ཡག་པོ་བྱེད་དགོས་རེད་ཅེས་བཀའ་སྩལ་འདུག

༸གོང་ས་མཆོག་གིས་ཐོག་མར་གསུང་དོན། ད་རེས་ངོས་ཏོག་ཙམ་ན་བྱུང་། དེའི་སྔོན་རྒྱ་གར་རྡོ་རྗེ་གདན་དུ་ཡོད་སྐབས། ཆམ་རིམས་ཏོག་ཙམ་ཕོགས་ནས་མི་བདེ་བ་བྱུང་བ་རེད། དེ་ཡག་པོ་མ་དྲག་པར་དེ་འདྲ་བྱས་ནས་བསྡད་བསྡད་པ་འདྲ་འདུག དེ་རྗེས་ལྡི་ལིར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཤེས་ཡོན་ཚོགས་འདུ་སྐབས་སུ་ཏོག་ཙམ་ཐང་ཆད་སོང་། དེ་ནས་ཚེས་༨་ཉིན་རྡ་སར་ཡར་ལོག་པ་རེད། དེའི་སྐབས་སུ་བདེ་བོ་འདྲ་ཡོད། འོན་ཀྱང་། དེའི་དགོང་མོར་མི་བདེ་བ་ཞེ་དྲག་བྱུང་སོང་། ཚེས་༩་ཡི་ཞོགས་པ་གཟུགས་པོ་འཁྱོར་ཡང་འཁྱོར་གྱི་འདུག མི་བདེ་བ་ཞེ་དྲག་འདུག ལམ་སང་ཐག་བཅད་ནས་མར་ལྡི་ལིའི་མར་ཁི་སི་སྨན་ཁང་ཡོང་པ་ཡིན། ནམ་རྒྱུན་སྨན་ཁང་དེའི་ནང་བརྟག་དཔྱད་བྱེད་བཞིན་ཡོད་དུས། སྨན་པ་ཚོ་དང་ངོ་ཤེས་པ་ཆགས་ནས་གྲོགས་པོ་རྙིང་པ་འདྲ་རེད། མར་ཁི་སི་སྨན་ཁང་ནང་གི་སྨན་པས་དཔྱད་བརྟག་བྱས་རྗེས་གློ་བར་ན་ཚའི་གཞི་འདྲ་བོ་ཞིག་འདུག་ཟེར་གྱི་འདུག དེ་ནས་སྨན་ཁང་རང་ལ་ཉིན་ཁ་ཤས་ཤིག་བསྡད་པ་རེད ། དེ་ནས་ཁོང་གིས་ཕྱག་བསྟན་ནས་གསུང་དོན། འདིར་ཁབ་བཙུགས་ནས་སུན་པོ་ཞེ་དྲག་བཟོས་བྱུང་། སྨན་ཁབ་ཆུ་དེ་ཆུ་ཚོད་ལྔ་ཡང་ན་དྲུག་རེར་འཛུགས་དགོས་ཀྱི་འདུག དགོང་མོར་ཆུ་ཚོད་༥་གཡོས་གཡོན་ཙམ་རེར་འཛུགས་ཀྱི་འདུག དེ་བཞིན་ནམ་དཀྱིལ་ལ་ཡང་འཛུགས་རྒྱུ་ཞིག་འདུག ངོས་གཉིད་དགའ་པོ་རེད། ནམ་དཀྱིལ་ཆུ་ཚོད་བཅུ་གཉིས་གཉིད་སྐྱིད་པོ་ཁུག་བསྡད་པའི་སྐབས་སུ་ཡར་ལངས་བཅུག་ནས་ལག་པའི་སྒང་ཁབ་བཙུགས་བྱུང་། དེར་སུན་པོ་ཞེ་དྲག་བྱུང་། དེའི་རྗེས་ངོས་ཀྱིས་སྨན་པར་ནམ་དཀྱིལ་ལ་ཁབ་འཛུགས་མི་དགོས་པའི་རེ་འདོན་བཏོན་པ་ཡིན། སྨན་པ་ཚོར་བཤད་ས་འདུག དེ་འདྲ་བྱས་ནས་སྨན་ཁང་ནང་དུ་ཉིན་ཁ་ཤས་བསྡད་པ་རེད། དེ་རྗེས་སྨན་ཁང་ནང་ནས་ཐོན་ནས་སྨན་ཁང་ཉེ་འགྲམ་གྱི་མགྲོན་ཁང་ནང་དུ་ཉིན་ཁ་ཤས་བསྡད་ཡིན། དེའི་རྗེས་སྨན་པས་བརྟག་དཔྱད་བྱས་ནས་རྡ་སར་ག་དུས་ལོག་པ་ཡིན་ན་ལོག་ན་འགྲིག་གི་འདུག་ཅེས་ལབ་བྱུང་། ད་སང་དྲག་རེད་ཅེས་ཟེར་གྱི་འདུག དེ་ནས་ལྡི་ལིའི་བོད་ཁྱིམ་སྡོད་ཁང་དུ་ཉིན་ཁ་ཤས་རིང་གྲོགས་པོ་རྙིང་པ་དེ་ཚོར་ཐུག་ཆེད་དུ་འདིར་ཡོང་བ་ཡིན།

དེའི་རྗེས་ཁོང་གིས་སློབ་ཕྲུག་ཚོར་བཀའ་སློབ་གནང་དོན། ངོས་དགུང་ལོ་བརྒྱད་ཅུ་གྱ་གྲངས་ལ་སླེབས་བསྡད་ཡོད་རེད། ང་ཚོ་བཙན་བྱོལ་བ་ཆགས་པའི་རྗེས་སུ་མི་སྣ་མང་པོ་ཞིག་ལ་ཐུག་གི་ཡོད་རེད། ལྷག་པར་དུ། ཚན་རིག་མཁས་པ་མང་པོར་ཐུག་གི་ཡོད་རེད། སྔོན་མ་འདིར་ཐེངས་གཅིག་རི་ཆ་ཌ་ཝི་སིམ་(Richard Davidsm)་གྱིས་སྐད་ཆ་བཤད་པ་རེད། དྲན་གྱི་འདུག་གམ། ཚན་རིག་པ་དངོས་གནས་སྙན་གྲགས་ཡོད་པ་དང་། མཁས་ཅན་དེ་ལྟ་བུ་མང་པོར་ཐུག་གི་ཡོད་པ་རེད། བར་སྐབས་མའོ་སི་ཀོ་གཙུག་ལག་སློབ་གྲྭའི་ནང་ནས་མཁས་དབང་ཞིག་གིས་གཙུག་ལག་སློབ་གྲྭ་རང་གི་ཐོག་ནས་ང་ཚོའི་སེམས་ཁམས་རིག་པ་དང་། ལྷག་དོན་མི་གྲོངས་ནས་ཐུགས་དམ་ལ་བཞུགས་ཟེར་བ་ཞིག་ཡོད་པ་རེད། མཁྱེན་སོང་ངམ། དཔེར་ན། ངོས་ཀྱི་རྒན་ལགས་ཡོངས་འཛིན་གླིང་རིན་པོ་ཆེ་དགོངས་པ་རྫོགས་ནས་ཉིན་བཅུ་གསུམ་ལ་ཐུགས་དམ་བཞུགས་པ་རེད། སྐུ་ལུས་སོས་པ་བཞུགས་པ་རེད། རྡ་སར་སྨན་པ་སླེབས་ནས་ཁོང་གཤེགས་ཚར་འདུག་ཟེར་། འོན་ཀྱང་། སྐུ་གཟུགས་སོས་པ་རང་བསྡད་བསྡད་དུས། ཁོང་དམིགས་བསལ་རེད། དེ་འདྲ་རང་བཞག་ན་འགྲིག་གི་རེད་ཅེས་ཟེར། དེ་འདྲ་རེད། དེ་བཞིན་བོད་པའི་བླ་མ་ཞིག་ཡོད། ཉིའུ་ཟུར་ལན་ཁྲི་ཡི་སྨན་ཁང་ནང་དུ་གྲོངས་པ་རེད། གྲོངས་ཚར་རྗེས་ཕུང་པོ་དེ་སྨན་ཁང་ནང་ནས་བཏོན་དགོས་རེད་ལབ་ཡོད། འོན་ཀྱང་། དེ་མི་འདྲ་བ་ཞིག་རེད་འདུག ཁྱེད་རང་ཚོའི་འགྲོ་སྟངས་བཞིན་སྨན་ཁང་ལ་དུས་ཡུན་ག་ཚོད་བཞག་ན་ཁྱེད་ཚོའི་འདོད་པ་རེད་ཅེས་ལབ་འདུག དེ་འདྲའི་དམིགས་བསལ་སྤྲད་པ་རེད། དེ་འདྲ་ཐུགས་དམ་བཞུགས་མཁན་མང་པོ་ཡོད་རེད། དེ་ཚོའི་ཆེད་དུ་དམིགས་བསལ་བརྟག་དཔྱད་བྱེད་པའི་ཆེད་མོ་སི་ཀོ་མཐོ་སློབ་རང་ནས་རྡ་སར་ཐུགས་དམ་བརྟག་དཔྱད་བྱེད་ཆས་བཞག་ཡོད་རེད། བྷོར་ལོར་ལ་ཡང་གཅིག་ཡོད་རེད།

དེ་འདྲ་སོང་ཙང་། འཛམ་གླིང་འདིའི་སྒང་ལ་ཕྱིའི་དངོས་པོ་ཧ་ལས་པས་ཡར་རྒྱས་ཕྱིན་ཡོད་རུང་། སེམས་ཁམས་རིག་པའི་སྐོར་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གང་ཡང་ཤེས་ཀྱི་ཡོད་མ་རེད། སེམས་ཁམས་རིག་པའི་སྐོར་དེ་རྒྱ་གར་ཁོ་ན་རེད་འདུག རྒྱ་གར་སྔོན་མར་སེམས་ཁམས་རིག་པའི་ཐོག་ཧ་ལས་པའི་ཕྱུག་པོ་ཡོད་རུང་། ད་ལྟར་ཉམས་ཚར་བ་རེད། རྒྱ་གར་གྱི་སེམས་ཁམས་རིག་པའི་སྐོར་གཙོ་བོར་གྱུར་བའི་ཚད་མ་རིག་པ་དང་ལྟ་གྲུབ་ཡོད་པ་དེ་ཚོ། མཁན་ཆེན་ཞི་བ་ཚོས་ང་ཚོ་བོད་པ་ཚོར་རྩིས་སྤྲོད་གནང་བ་རེད། ང་ཚོའི་མཁས་པ་ཚོས་རིག་གནས་ཆེ་བ་ལྔ་དང་རིག་གནས་ཆུང་བ་ལྔ་བྱས་ནས་བོད་པར་ངོ་སྤྲོད་དང་རྩིས་སྤྲོད་གནང་བ་རེད། བོད་པ་ཚོས་དུས་རབས་བརྒྱད་པ་ནས་ད་བར་དུ་རྒྱ་གར་མཁས་པའི་རིག་གཞུང་གཏིང་ཟབ་དེ་ཚོ་བདག་པོ་བརྒྱབ་ཡོད་པ་དེར་ཧ་ལས་པ་རེད་འདུག དེ་འདྲ་ཡིན་དུས། དེང་སང་འཛམ་གླིང་སྒང་ཕྱིའི་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད་རུང་། སེམས་ཁམས་རིག་པ་དང་ཐུག་ཡོང་དུས། ཁོ་ཚོས་གང་ཡང་ཤེས་ཀྱི་མ་རེད། རྒྱ་གར་མཁས་པའི་རིག་གཞུང་གཏིང་ཟབ་དེ་ཚོ་ང་ཚོ་བོད་པས་བདག་པོ་རྒྱབ་ཡོད་ཙང་། མཁས་དབང་མང་པོར་ཐུགཔ་དང་བགྲོ་གླེང་བྱེད་པའི་སྐབས། གཞི་ནས་ཚན་རིག་པ་དེ་ཚོས་ང་ཚོར་དགའ་པོ་ཞེ་དྲག་བྱས་ནས་ནང་པའི་ཚད་མ་རིག་པ་དང་སེམས་ཁམས་རིག་པ། ལྟ་གྲུབ། ཚད་རྡུལ་དངོས་ཁམས་རིག་པ་དེ་ཚོར་ཚན་རིག་པ་ཚོ་ངོ་མཚར་སྐྱེས་ནས་སློབ་སྦྱོང་ལེན་པའི་དོ་སྣང་བྱེད་ཀྱི་འདུག ང་ཚོ་བོད་པའི་ངོས་ནས་ཚན་རིག་པ་དེ་ཚོའི་ལག་ནས་སློབ་སྦྱོང་ལེན་རྒྱུ་མང་པོ་འདུག ཚན་རིག་པ་མཉམ་དུ་བགྲོ་གླེང་བྱས་ནས་བློ་བསྐྱེད་བླངས་པའི་འབྲས་བུ་ནི། ངོས་ལ་ཆ་བཞག་ན་རི་རབ་ལ་ཡིད་ཆེས་བྱེད་ཀྱི་མེད། བྱས་ཙང་། ང་ཚོའི་སྤོ་ལགས་རྨོ་ལགས་ཚོས་མནྜལ་འབུམ་བསགས་མཁན་ཚོར་ངོས་ཀྱིས་རི་རབ་ཡོད་མ་རེད་ལབ་དུས་ག་རེ་དྲན་གྱི་ཡོད་ན་བསམ་གྱི་འདུག

དེ་ང་ཚོ་ཚན་རིག་པའི་གཞུང་ནང་ནས་སྒྲུབ་རྟགས་ཡང་དག་དང་དགག་རྟགས་ཡང་དག དགག་རྟགས་བཤད་ཡོང་དུས། མི་སྣང་བ་མ་དམིགས་པ་དང་། སྣང་རུང་མ་དམིགས་པ་ཞེས་བཤད་ཡོང་གི་ཡོད་པ་རེད། དེར་བརྟེན། རི་རབ་ཡོད་ན་སྣང་དུ་རུང་བ་རེད། སྣང་དུ་རུང་བ་ཞིག་མི་སྣང་དུས་མེད་པ་ཐག་གཅོད་དགོས་པ་རེད། སྣང་རུང་མ་དམིགས་པའི་གཏན་ཚིགས་ཏག་ཏག་འགྲོ་གི་ཡོད་པ་རེད། རི་རབ་དེ་ལས་དག་པ་དེ་ཚོས་མཐོང་གི་རེད་དང་། སྤྱི་བཏང་མཐོང་གི་མ་རེད་ལབ་རྒྱུར་ཁག་པོ་རེད། རི་རབ་ཀྱི་གྲིབ་ནག་མཐོང་གི་ཡོད་པའི་སྐད་ཆ་རེད། ཉི་མ་དང་ཟླ་བ་རི་རབ་ལ་སྐོར་བ་བརྒྱབ་ནས་བྱང་ལ་སླེབས་པའི་ཁ་ཐུག་ལ་ལྷོ་ཕྱོགས་དེ་ནག་ཁུང་ཆགས་ཀྱི་ཡོད་རེད། རི་རབ་ཀྱི་གྲིབ་ནག་ང་ཚོས་མཐོང་གི་ཡོད་རེད། གྲིབ་ནག་དེ་ང་ཚོས་མཐོང་། རི་རབ་དེ་ང་ཚོས་མ་མཐོང་ན་ག་འདྲ་ལབ་དགོས་རེད། བྱས་ཙང་། རི་རབ་ཀྱི་གྲིབ་ནག་ང་ཚོས་མཐོང་ན་རི་རབ་མཐོང་དགོས་རེད།

ངོས་ཀྱིས་སྔོན་མར་བཤད་མྱོང་། བཅོམ་ལྡན་འདས་འཛམ་གླིང་སྒང་ལ་འཛམ་གླིང་གི་ས་ཁྲ་བཟོ་ཆེད་དུ་ཕེབས་ཡོད་མ་རེད། བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་གསུངས་ནས་གཙོ་བོ་སེམས་ཁམས་རིག་པ་དང་། སེམས་ལ་འགྱུར་བ་ག་འདྲ་གཏོང་དགོས་ཡོད་མེད་། ཞི་བདེ་ཕྱི་ལོག་ནས་སྒྲུབ་རྒྱུ་ཞིག་མིན་པ། ཞི་བདེ་སེམས་ནང་ནས་བཟོ་དགོས་པ་ཅེས་གསུངས་ཡོད་རེད།། བཅོམ་ལྡན་འདས་ཧ་ལས་པ་རེད། དེང་སང་ཚན་རིག་པ་ཚོ་དངོས་གནས་ངོ་མཚར་སྐྱེས་ནས་དོ་སྣང་བྱེད་ཀྱི་འདུག ཆོས་ཁས་མིན་ལེན་མཁན་ཚོས་ཀྱང་དོ་སྣང་བྱེད་ཀྱི་འདུག དེ་འདྲ་ཡིན་དུས། བོད་པ་ཚོས་ད་བར་དུ་དཔལ་ནཱལེནྡཱ་ཡི་མཁས་པའི་གསུང་དེ་ཚོ་ཉར་ཚགས་བྱས་ནས་བདག་པོ་བརྒྱབ་ཡོད་པ་འདི། དེ་རིང་གི་འཛམ་གླིང་འདིའི་སྒང་ལ་དགོས་མཁོ་ཡོད་བསྡད་པ་དང་ཕན་ཐོགས་ཡོད་བསྡད་པ་ཞིག་ཆགས་བསྡད་ཡོད་རེད། ཤེས་སོང་ངམ། གཙོ་བོ་རིག་གནས་ཆེ་བ་ལྔ་རེད། ཚད་མ་རིག་པ་དང་སེམས་ཁམས་རིག་པ། ལྟ་གྲུབ་དེ་ཚོ་མར་འགྲེལ་བཤད་རྒྱག་ཡོང་དུས་བོད་སྐད་དེ་ཡག་ཤོས་རེད་འདུག དབྱིན་ཇི་སྐད་འབྲེལ་བ་མེད་རེད། ལེགས་སྦྱར་སྐད་ཕྱུག་པོ་ཡོད་རུང་། མཁས་པ་ཁ་ཤས་ཤིག་གིས་བེད་སྤྱོད་བྱེད་ཀྱི་ཡོད་པ་མ་གཏོགས་ཉམས་ཚར་རེད། བྱས་ཙང་། མཁན་ཆེན་ཞི་བ་འཚོ་ཡིས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་ཁྱེད་རང་ཚོར་སྐད་ཡིག་འདུག དེ་འདྲ་ཡིན་དུས། ཡིན་གཅིག་མིན་གཅིག་པ་ལི་དང་ལེགས་སྦྱར་གྱི་སྐད་ཡིག་སློབ་དགོས་ཡོད་མ་རེད། དེ་ལས་བསྒྱུར་ཞེས་གསུངས་ཡོད། དེ་ནས་བཀའ་འགྱུར་པོ་ཏི་བརྒྱ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་དེ་ཚང་མ་བོད་ཡིག་ནང་ཡོད་རེད།

དེང་སང་། སེམས་ཁམས་རིག་པ་དང་ལྟ་གྲུབ་དེ་ཚོར་འགྲེལ་བཤད་རྒྱག་སྐབས། བོད་ཡིག་དེ་ཡག་ཤོས་རེད། སོང་ཙང་། དེ་ང་ཚོ་བོད་མི་རིགས་ཀྱི་སྤོབས་པ་དང་གཟི་བརྗིད་རེད། དེ་འདྲ་ཡིན་དུས། བོད་པའི་གཞོན་སྐྱེས་ཚོས་བོད་ཡིག་ལ་དོ་སྣང་ཡག་པོ་བྱེད་དགོས་རེད། ང་ཚོའི་རིག་གནས་གཏིང་ཟབ་པོ་ཚོར་སློབ་སྦྱོང་བྱེད་རྒྱུ་དང་འགྲེལ་བཤད་རྒྱག་རྒྱུར་བོད་ཡིག་དང་བོད་སྐད་དེ་ཡག་ཤོས་རེད་འདུག ཤེས་སོང་ངམ།

སེམས་ཁམས་རིག་པ་དེ་ནི་སེམས་འཁྲུག་བསྡད་པ་དང་སེམས་གུ་དོག་པོ་དེ་ཚོའི་ཐོག་ལ་བསམ་བློ་བཏང་ནས་སེམས་ལྷོད་ལྷོད་བཟོ་རྒྱུ་དེ་རེད། ངོས་ཀྱིས་རྒྱུན་དུ་བཤད་བཞིན་ཡོད། བྱིས་པ་ཆུང་ཆུང་ཚོར་ལུས་པའི་འཕྲོད་བསྟེན་(physical hygiene)་ཐོག་ལ་སློབ་སྦྱོང་སྤྲོད་ཀྱི་ཡོད་རེད། དེ་ནང་བཞིན་སེམས་ཀྱི་འཕྲོད་བསྟེན(Hygiene of emotion)་ཐོག་ཡང་སློབ་སྦྱོང་སྤྲོད་དགོས་ཀྱི་འདུག གཟུགས་པོ་བདེ་པོ་ཡོད་ན་ཡང་། སེམས་འཁྲུག་གི་བསྡད་ན། མི་དེ་སྐྱིད་པ་ཞིག་མི་ཡོང་བ་དང་ལུས་པོ་བདེ་པོ་ཞིག་ཡོང་གི་མ་རེད།

ཁ་སང་དེ་རིང་། ནང་པའི་སེམས་ཁམས་རིག་པ་བཤད་དུས། སེམས་ཞི་བདེ་དང་ཁྱིམ་ཚང་ནང་འཆམ་པོ་ཡོང་གི་ཡོད་རེད། དེ་ལྟར་བྱས་ན་རིམ་བཞིན་སྤྱི་ཚོགས་དང་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་རྣམས་འཆམ་མཐུན་དང་ཞི་བདེ་ཡོང་རྒྱུ་རེད། དེ་དག་སེམས་ཁམས་རིག་པ་དང་འབྲེལ་བ་འདུག ཁྱེད་རང་ཚོས་དེང་དུས་ཤེས་ཡོན་ཙམ་མ་ཡིན་པར་བོད་རང་གི་སེམས་ཁམས་རིག་པ་དང་འབྲེལ་བའི་ཤེས་ཡོན་དེ་ཡག་པོ་ཤེས་པ་གྱིས། དེར་བརྟེན། ཁྱེད་རང་ཚོས་དུས་རབས་ཉེ་གཅིག་ནང་ལེགས་སྐྱེས་ཏན་ཏན་ཕུལ་ཐུབ་པའི་རེ་བ་ཡོད་རེད་ཅེས་བཀའ་སློབ་སྩལ་འདུག

དེ་ནས་དེ་རིང་༸གོང་ས་མཆོག་ལྡི་ལི་ནས་རྡ་སར་ཞབས་སོར་བདེ་བར་འཁོད་སོང་། གནམ་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་མཛད་གཙོ་རྣམ་པ། མི་མང་བཅས་ཕེབས་བསུ་ཕེབས་ཡོད་པ་དང་། རྡ་སའི་ལམ་གྱི་གཡས་གཡོན་དུ་བོད་མི་དང་ཕྱི་རྒྱལ་བ་ཁག་གིས་བང་སྒྲིག་ནས་ཕེབས་བསུ་ཞུས་སོང་།

 

གསལ་བསྒྲགས་ཀྱི་ས་མིག