18
Sun, Aug

༢༠༡༩ལོའི་ཟླ་༤་ཚེས་༢༤་ཉིན་ལྔ་དང་ལྔ་བཅུའི་ཚོགས་ཆེན་གྱི་སྐོར་ལ་སྲིད་སྐྱོང་མཆོག་གིས་གསལ་བསྒྲགས་སྤེལ་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༤་ཚེས་༢༤་ཉིན། རྡ་སའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྔ་དང་ལྔ་བཅུའི་ཚོགས་ཆེན་གྱི་འགྲེལ་བརྗོད་མདོར་བསྡུས་དང་དེ་དང་འབྲེལ་བའི་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།

གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་གསུང་དོན། རྩ་བའི་ལོ་འདིའི་ཕྱི་ཟླ་ ༣ པའི་ནང་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་ཚོགས་འདུ་ཁག་གསུམ་ཚོགས་པའི་སྐོར་དང་། ཚོགས་འདུའི་བརྗོད་གཞི་ཁག་གང་ཡིན་པའི་སྐོར་འགྲེལ་བཤད་སྙིང་བསྡུས་ཤིག་བརྒྱབ་པ་ཡིན། ལྔ་དང་ལྔ་བཅུའི་བརྗོད་གཞི་ཁག་དང་མི་མང་གི་དགོངས་ཚུལ་ཁག་དེ་དག་གྲོས་ཚོགས་ཀྱི་མདུན་ཅོག་སྟེང་ཕུལ་ཟིན་པ་ཡིན། འོན་ཀྱང་ང་ཚོས་ཡིག་ཐོག་ནས་ཕུལ་བ་ཡིན་སྟབས། མང་ཚོགས་ནས་བརྗོད་གཞི་ཁག་གང་ཡིན་པ་དང་ཚོགས་བཅར་བའི་དགོངས་ཚུལ་གང་ཕེབས་ཡོད་པ་དེ་དག་དྲ་ལམ་ཁག་དུ་འགྲེམ་སྤེལ་ཐུབ་པ་ཡིན་ན། མང་ཚོགས་ནང་དགོངས་ཚུལ་བརྗེ་ལེན་གནང་རྒྱུ་མཚོན་དགོངས་འཆར་འབུལ་རྒྱུར་ཁྱད་པར་བཟོ་ཡི་འདུག་ཅེས་དགོངས་འཆར་ཡོང་ཡོད་ཙང་། དེ་རིང་གསར་འགོད་ལྷན་ཚོགས་འདི་སྐོང་པ་རེད་བཅས་དང་།

དེ་ནས་ཁོང་གིས་ལྔ་དང་ལྔ་བཅུའི་སྐོར་ལ་འགྲེལ་བཤད་གནང་དོན། ལྔ་དང་ལྔ་བཅུ་ནི་ལོ་ལྔ་དང་ལྔ་བཅུའི་ནང་དབུ་མའི་ལམ་གཞི་བཞག་ཐོག་མིང་དོན་མཚུངས་པའི་རང་སྐྱོང་རག་ཐབས་དང་མཉམ་དུ་ལོ་ལྔ་བཅུའི་འཆར་གཞི་དེ་རེད། འཕྲད་དང་ཕུགས་ཀྱི་འཆར་གཞི་ཞིག་རེད། དབུ་མའི་ལམ་གཞི་བཞག་ཐོག་ང་ཚོས་ལོ་ལྔའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རག་ཐུབ་ན་ང་ཚོའི་རྒྱལ་ཁ་ཞིག་རེད། དེ་བཞིན་ང་ཚོའི་བོད་མིའི་སྒྲིག་འཛུགས་དེ་ལྔ་བཅུའི་ནང་གནས་ཐུབ་པ་དང་ནུས་པ་ཤུགས་ཆེ་རུ་ཕྱིན་ན། ལོ་ལྔ་བཅུའི་ནང་རྒྱ་ནག་ནང་འགྱུར་བ་འགྲོ་ཡི་རེད། རྒྱ་ནག་འགྱུར་བ་ཕྱིན་པ་ཡིན་ན་བོད་ཀྱི་གནས་སྟངས་འགྱུར་བ་འགྲོ་ཡི་རེད། དེའི་སྐབས་སུ་མིང་དོན་མཚུངས་པའི་རང་སྐྱོང་རག་པའི་རེ་བ་ཡོད་རེད། དེར་བརྟེན་ང་ཚོས་འཕྲད་དང་ཕུགས་ཀྱི་འཆར་གཞི་སྒྲིག་དགོས་འདུག་ཞེས་ནས་ལོ་ལྔ་དང་ལྔ་བཅུའི་སྙིང་དོན་རེད། དེ་རྗེས་ཁོང་གིས་བརྗོད་གཞི་དང་པོ་དེར་ཆབ་སྲིད་ཚོགས་འདུ་ནི་རྒྱ་ནག་ལག་ནས་མིང་དོན་མཚུངས་པའི་བོད་རང་སྐྱོང་རག་ཐབས་ཇི་ལྟར་བྱེད་དགོས་མིན་དེ་རེད། བརྗོད་གཞི་གཉིས་པ་དེ་བོད་མི་རྒྱ་གར་ནང་བཞུགས་ཡོད་པ་རྣམས་མུ་མཐུད་གནས་རྒྱུ་དང་རྒྱ་གར་ནང་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་ཐབས་རེད། དེ་བཞིན་ཨེ་ཤ་ཡའི་ནང་གི་ནང་པའི་རྒྱལ་ཁབ་ཁག་གི་ནང་བོད་པའི་ཆོས་དང་རིག་གཞུང་སོགས་འབྲེལ་བ་ཡོད་དུས། རྒྱལ་ཁབ་དེའི་ཚོའི་ནང་བོད་དོན་རྒྱབ་སྐྱོར་རག་ཐབས་འབད་བརྩོན་ག་རེ་བྱེད་རྒྱུ་ཡོད་པ་དེ་རེད། བརྗོད་གཞི་གསུམ་པ་དེར་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་བྱེད་དགོས་དེ་རེད། རྒྱ་ནག་གི་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་ཡོ་རབ་སོགས་ཀྱི་རྒྱལ་ཁབ་ནང་ཤུགས་རྐྱེན་སླེབས་ཀྱི་ཡོད་དུས། ང་ཚོས་བོད་དོན་ཐོག་རྒྱབ་སྐྱོར་ཇི་ལྟར་ཐོབ་ཐབས་བྱེད་དགོས་པ་དེ་རེད། བརྗོད་གཞི་བཞི་པ་ནི་བོད་མིའི་སྒྲིག་འཛུགས་གནས་ཐབས་རེད། བོད་མིའི་སྒྲིག་འཛུགས་ནི་བོད་ནང་གི་བོད་མི་ཚོའི་དངོས་འདོད་སྒྲུབ་མཁན་ཡིན་པར་བརྟེན། བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཐུབ་ཐབས་དང་ཡར་རྒྱས་གཏོང་ཐབས་བྱེད་རྒྱུ་དེ་རེད་ཅེས་གསུངས་སོང་།

ལྔ་དང་ལྔ་བཅུའི་ཚོགས་ཆེན་གྱི་བྱུང་རིམ་ངོ་སྤྲོད་མདོར་བསྡུས་གཤམ་གསལ་གཟིགས་པ་འཚལ།

༡༽ ལྔ་དང་ལྔ་བཅུའི་ཚོགས་འདུ།

འབྱུང་འགྱུར་བོད་ཀྱི་ཆབ་སྲིད་མདུན་ལམ་གཏན་འབེབས་གནང་ཕྱོགས་ཀྱི་གླེང་སྟེགས་ཞེས་པའི་རྒྱལ་སྤྱིའི་ཚོགས་འདུ་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༦ ནས་ ༨ བར་བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་གནང་བའི་སྐབས་ཀྱི་བརྗོད་གཞི་སྙིང་བསྡུས་གཤམ་གསལ། རྒྱབ་གཉེར་བསམ་འཆར་གྲངས་ ༩༡ བྱུང་ཁོངས་ནས་བསམ་འཆར་སྙིང་བསྡུས་གྲངས་ ༤༤ བྱུང།

བརྗོད་གཞི་དང་པོ། བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་དོན་ཕན་ལྡན་པའི་འབྲེལ་ལམ་དང་ཞི་མོལ་ཡོང་ཐབས། (རྒྱབ་གཉེར་བསམ་འཆར་ཁག ༡༣)

བརྗོད་གཞི་གཉིས་པ། བོད་དང་རྒྱ་གར་གཙོས་ཨེ་ཤི་ཡ་བར་གྱི་འབྲེལ་བ། (རྒྱབ་གཉེར་བསམ་འཆར་ཁག ༡༣)

བརྗོད་གཞི་གསུམ་པ། རྒྱལ་སྤྱིའི་འབྲེལ་ལམ་དང་། དྲིལ་བསྒྲགས། (རྒྱབ་གཉེར་བསམ་འཆར་ཁག ༧)

བརྗོད་གཞི་བཞི་པ། ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་བོད་མིའི་སྒྲིག་འཛུགས་ནས་འགོ་ཁྲིད་གནང་ཕྱོགས། (རྒྱབ་གཉེར་བསམ་འཆར་ཁག ༡༡) རྒྱབ་གཉེར་བསམ་འཆར་ཁྱོན་བསྡོམས་ ༤༤

༢༽ གཞོན་སྐྱེས་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཀྱི་བརྗོད་གཞི་སྙིང་བསྡུས་ཁག

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༧ ནས་ ༢༠ བར་བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་གནང་བའི་གཞོན་སྐྱེས་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་སྐབས་ཀྱི་བརྗོད་གཞི་སྙིང་བསྡུས་གཤམ་གསལ། ཁྱོན་བསྡོམས་རྒྱབ་གཉེར་བསམ་འཆར་ ༣༤

བརྗོད་གཞི་དང་པོ། བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ། ལོ་རྒྱུས་ཐོག་འབྲེལ་ལམ་གྱི་གལ་གནད་དང་། དོན་ཕན་གྱི་འབྲེལ་ལམ་དང་གྲོས་མོལ་བསྐྲུན་ཐབས། གོང་གི་བརྗོད་གཞིའི་ཐོག་རྒྱབ་གཉེར་བསམ་འཆར་ ༧ བྱུང་འདུག

བརྗོད་གཞི་གཉིས་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཐུན་མོང་ནས་བོད་ཀྱི་གནད་དོན་ཐོག་ཡ་ལན་བྱེད་ཕྱོགས། གོང་གི་བརྗོད་གཞིའི་ཐོག་རྒྱབ་གཉེར་བསམ་འཆར་ ༧ བྱུང་འདུག

བརྗོད་གཞི་གསུམ་པ། བོད་མིའི་རང་དབང་འཐབ་བརྩོད་ཐོག་ན་གཞོན་རྣམས་ཀྱི་ལས་འགན། ཡིག་ངག་གཉིས་ཐོག་འབྲེལ་ལམ། ཞུ་གཏུག་དང་། རྒྱལ་སྤྱིའི་འབྲེལ་ལམ། བརྗོད་གཞི་འདིའི་ཐོག་བསམ་འཆར་ ༩ བྱུང་འདུག

བརྗོད་གཞི་བཞི་པ། ལྔ་དང་ལྔ་བཅུའི་འཆར་སྣང་ཐད་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ནས་འགན་ཁུར་བཞེས་ཕྱོགས་དང་། འཆར་སྣང་ལྡན་པའི་དབུ་ཁྲིད་བསྐྲུན་ཐབས་དང་། ནུས་པ་མཉམ་སྤུངས། བརྗོད་གཞི་དེའི་ཐོག་བསམ་འཆར་ ༡༡ བྱུང་འདུག

༣༽ བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་ཐོག་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༣ ནས་ ༡༦ བར་ལྔ་དང་ལྔ་བཅུའི་ཚོགས་འདུའི་བརྗོད་གཞི་སྙིང་བསྡུས་ཁག བརྗོད་གཞི་དང་པོ། བོད་ཀྱི་རིག་གཞུང་རྒྱུན་གནས་ཐུབ་ཐབས།

ནང་གསེས་བརྗོད་གཞི་ཁག་གཤམ་གསལ།

ཀ༽ བོད་ཀྱི་རིག་གཞུང་གི་ངོ་བོ་འཛིན་སྟངས་དང་མི་ཉམས་རྒྱུན་འཛིན་བྱེད་ཐབས། ཁ༽། བོད་ཀྱི་སྐད་ཡིག་གོང་སྤེལ་གཏོང་ཐབས། ག༽ བོད་བརྒྱུད་ནང་བསྟན་དང་དེའི་རིན་ཐང་དར་སྤེལ་བརྒྱུད་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས། ང༽ འགྲེམས་སྟོན་ཁང་དང་རིག་གཞུང་ལྟེ་གནས་ཁང་ཁག་བརྒྱུད་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས། ཅ༽ སྒྱུ་རྩལ་ལ་བརྟེན་ནས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས།

བརྗོད་གཞི་གཉིས་པ། བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས།

ནང་གསེས་བརྗོད་གཞི་ཁག་གཤམ་གསལ།

ཀ༽ སྤུས་ཚད་ལྡན་པའི་ཤེས་ཡོན་གྱི་གནད་དོན། ཁ༽ སློབ་གྲྭར་འགོ་འཁྲིད་ཀྱི་ནུས་པ་ཡར་རྒྱས་གཏོང་དགོས་པ། ག༽ སྤྱི་ཚོགས་དང་མི་འབོར་ལ་འཕྲད་པའི་དཀའ་ངལ་གྱིས་ཤེས་ཡོན་ལ་ཐེབས་པའི་ཤུགས་རྐྱེན། ང༽ གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་དཀའ་ངལ། ཅ༽ བོད་མིའི་སྤྱི་ཚོགས་ནང་ཆེད་ལས་གསོ་སྐྱོང་བྱེད་ཐབས།

བརྗོད་གཞི་གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་གནད་དོན།

ནང་གསེས་བརྗོད་གཞི་ཁག་གཤམ་གསལ།

ཀ༽ བོད་མིའི་སྤྱི་ཚོགས་ནས་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་གདོང་ལེན་བྱེད་བཞིན་པ། ཁ༽ དཔལ་འབྱོར་གྱི་ཆ་ནས་བོད་མིའི་འཕྲོད་བསྟེན་མཐུན་རྐྱེན་སྲ་བརྟན་དང་ཡུན་གནས་ཡོང་ཐབས། ག༽ བོད་མིའི་འཕྲོད་བསྟེན་ལྟ་སྐྱོང་ལས་གཞིའི་ནང་མིའི་ནུས་པ་དང་། འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་སྨན་ཁང་ཁག་ནང་འཕྲོད་བསྟེན་ལྟ་སྐྱོང་དང་ཞབས་ཞུའི་སྤུས་ཚད་ཡར་རྒྱས་གཏོང་ཐད། ང༽ གསོ་བ་རིག་པ་རྒྱ་སྐྱེད་དང་ཟུང་འབྲེལ་གྱི་ཐབས་ལམ། ཅ༽ ཕྱི་ལུགས་སྨན་བཅོས་ཞུ་ཕྱོགས་ཀྱི་ཐབས་ལམ་དང་ནད་རིགས་སྔོན་འགོག

བརྗོད་གཞི་བཞི་པ། བོད་མིའི་སྤྱི་ཚོགས་ཀྱི་འཚོ་རྟེན་ཡར་རྒྱས་གཏོང་ཐབས།

ནང་གསེས་བརྗོད་གཞི་ཁག་གཤམ་གསལ།

ཀ༽ གནས་ཡུལ་སྤོ་བཤུད་དང་གཞོན་སྐྱེས་དང་འབྲེལ་བའི་གནད་དོན་སེལ་ཐབས། ཁ༽ གཞིས་ཆགས་ཁག་གི་ཞིང་ལས་གཉེར་ཕྱོགས་བསྒྱུར་བཅོས་གཏོང་ཐབས། ག༽ བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དཔལ་འབྱོར་གྱི་ཐོན་སྐྱེད་དང་ལས་རིགས་མཐུན་འགྱུར་ཡོང་སླད་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱུན་གནས་ཐུབ་པའི་དཔལ་འབྱོར་ཞབས་ཞུ་ལྟེ་གནས་རིགས་འཛུགས་ཐབས། ང༽ བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཡར་ཐོན་ཚོང་ལས་དང་ཚོང་ལས་ཆེ་འབྲིང་ཆུང་གསུམ་གཉེར་ཐབས་ཡོང་བར་སྐུལ་སློང་དང་རྒྱབ་སྐྱོར་སྤེལ་ཐབས། ཅ༽ ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་མིའི་འོས་འགན།

གསལ་བསྒྲགས་ཀྱི་ས་མིག