17
Mon, Jun
18 New Articles

༢༠༡༩ལོའི་ཟླ་༤་ཚེས་༡༢ ཉིན། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུའི་སྙུང་གཞི་དྲག་སྐྱེད་བྱུང་ནས་ལྡི་ལི་སྨན་ཁང་ནས་ཐོན་གནང་འདུག པར། Sanjeev Verma

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༤་ཚེས་༡༢་ཉིན། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་མཆོག་གི་སྐུའི་སྙུག་གཞི་དྲག་སྐྱེད་བྱུང་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་མེ་ཁུ་སི་སྨན་ཁང་ནས་ཐོན་གནང་ཡོད་པ་དང་། ཁོང་གིས་ཁོང་སྙུང་བའི་རིང་བོད་ཕྱི་ནང་གཉིས་ཀྱི་བོད་མི་དང་འཛམ་གླིང་མི་མང་ཚོས་ཞལ་འདོན་དང་སྨོན་ལམ་བརྒྱབ་གནང་བར་ཐུགས་རྗེ་ཆེ་ཞུ་གནང་འདུག

དེ་ཡང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་འདིའི་ཚེས་༩་ཉིན་སྙུང་གཞིའི་རྐྱེན་པས་གློ་བུར་དུ་ལྡི་ལི་སྨན་ཁང་དུ་ཕེབས་དགོས་བྱུང་ཡོད་པ་དང་། དེ་རྗེས་བོད་ཕྱི་ནང་གཉིས་ཀྱི་བོད་མི་གཙོས་པའི་འཛམ་གླིང་མི་མང་ཚོས་སེམས་ཁུར་དང་། ཞལ་འདོན། སྨོན་ལམ་ཤུགས་ཆེན་བརྒྱབ་གནང་ཡོད་འདུག

དེ་རིང་། ༸གོང་ས་མཆོག་སྙུང་གཞི་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་ཡོད་པ་དང་། སྐབས་དེར་ཁོང་གིས་གསར་འགོད་པ་ཚོར་གསུང་དོན། ངོས་ཏོག་ཙམ་མི་བདེ་པ་ཆགས་ནས་སྨན་ཁང་དུ་ཡོང་སྐབས། བོད་ཕྱི་ནང་གི་བོད་མི་དང་འཛམ་གླིང་ས་ཕྱོགས་གང་ནས་མི་མང་འབུམ་ཕྲག་ས་ཡ་མང་པོས་ངོས་ལ་སྨོན་ལམ་བརྒྱབ་འདུག ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་ཡི་ཡིན། སྙུང་གཞི་དེའི་འབྱུང་རྩ་ནི་དེའི་སྔོན་རྒྱ་གར་རྡོ་རྗེ་ལྡན་དུ་ཡོད་སྐབས། ཆམ་རིམས་ཏོག་ཙམ་ཕོགས་ནས་མི་བདེ་བ་བྱུང་བ་དེ་རེད། དེ་ཡག་པོ་མ་དྲག་པར་དེ་འདྲ་བྱས་ནས་བསྡད་བསྡད་པ་རེད་འདུག དེ་རིང་འདིར་གློག་པར་བརྒྱབ་པ་དང་བརྟག་དཔྱད་ཞིབ་ཕྲ་བྱས་རྗེས་གློ་བར་ནད་ཕྲན་པོ་ཞིག་འདུག་གསུངས་སོང་། ཡིན་ནའང་། ད་ནི་ནད་ངོས་ཆོད་པ་ཡིན་དུས་སྨན་བཅོས་བྱེད་དགོས་པ་དེ་ཚོ་བྱས་རྗེས། ད་རྒྱུན་ལྡན་འདྲ་བོ་རེད། ཡག་པོ་ཞེ་དྲག་དྲག་སོང་། ཚང་མས་བློ་བདེ་བོ་བྱེད་རོགས། ཤེས་སོང་ངམ། ཁྱེད་ཚོས་ཚང་མས་སེམས་ཁུར་བླངས་ནས་སྨོན་ལམ་བརྒྱབ་པ་དེ་ཚོར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ཁྱེད་རང་ཚོས་དགེ་བ་བསགས་བཞག་པ་དེར། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། ། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། ། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། ། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། ། ཞེས་བསྔོ་བ་བྱེད་ཀྱི་ཡིན། ངོས་ཀྱི་ལུས་པོ་བདེ་ཐང་ཆེད་དུ་ཁྱེད་ཚོས་སེམས་པ་རྣམ་དག་གིས་སྨོན་ལམ་བརྒྱབ་པ་དེ་ཚོས་ཏན་ཏན་ཕན་ཐོགས་བྱུང་ཡོད་རེད་ཅེས་གསུངས་འདུག

 

གསལ་བསྒྲགས་ཀྱི་ས་མིག