18
Thu, Apr

༢༠༡༩ལོའི་ཟླ་༤་པའི་ཚེས་༢་ཉིན་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གི་གསལ་བསྒྲགས་གནང་སྐབས། པར། ཎེ་ཁི ཀ་ཇོ་(Nikhil Kujur)

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༤་པའི་ཚེས་༢་ཉིན། རྡ་སར་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་པའི་གསར་གཏོད་ (Tibet Innovations)་ནས་རྒྱ་གར་ནང་དུ་ཡོད་པའི་བོད་མིའི་གཞིས་ཆགས་སྲ་བརྟན་ཡོང་ཆེད་དང་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་བསྐྲུན་ཆེད་དུ་བོད་མི་ཚོང་གཉེར་དང་ལས་འཆར་ཡག་པོ་ཡོད་མཁན་ལ་ཧིན་སྒོར་ས་ཡ་༡༠་མ་དངུལ་རོགས་རམ་གནང་རྒྱུ་ཡིན་པར་བསྒྲགས་སོང་།

དེ་ཡང་རྡ་ས་གངས་སྐྱིད་དུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོགས་ཁང་གསར་པའི་ནང་དུ་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་དྲུང་ཆེ་ཡེ་ཤེས་དབང་མོ་ལགས། གཞན་ཡང་བརྙན་(Skype)་བརྒྱུད་ནས་དོན་གཅོད་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་བཅས་ནས་གསར་འགོད་གསལ་བསྒྲགས་སྤེལ་སོང་བའི་ནང་དུ། ༢༠༡༩ལོའི་ཟླ་༤་པའི་ཚེས་༢ཉིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་དང་། ཨིན་ལེན་བོད་ཁང་ཐེབས་རྩ། ཁེ་ཎ་ཊ་མོན་ཁི་ཡོལ་ཁུལ་དུ་ཡོད་པའི་བོད་པའི་གསར་གཏོད་བཅས་མཉམ་འབྲེལ་བྱེད་པའི་སྒོ་ནས་བོད་མིའི་གཞིས་ཆགས་ཁག་གི་ནང་དུ་གནས་པའི་གཞོན་སྐྱེས་ཚོར་ཡོང་འབབ་བསྐྲུན་ཐབས་ཀྱི་ལས་ཀའི་གོ་སྐབས་གཞི་རྒྱ་ཆེ་བ་ཞིག་འགོ་འཛུགས་ཞུ་རྒྱུ་ཡིན་པའི་སྐོར་གསུངས་སོང་།

དཔལ་འབྱོར་བཀའ་བློན་མཆོག་གིས་ཐོག་མར་གསུང་དོན། ལས་གཞི་འདི་ནི་གཞིས་ཆགས་སྲ་བརྟན་ཡོང་ཆེད་དང་བོད་པའི་གཞོན་སྐྱེས་ཚོ་གཞིས་ཆགས་ནང་འཚོ་གནས་ཡོང་ཆེད་ལ་ཡོང་འབབ་བསྐྲུན་ཐབས་ཀྱི་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་དང་། ལས་གཞི་འདི་ཡིན་གཅིག་མིན་གཅིག་རྒྱ་གར་ནང་ཡོད་པའི་བོད་པའི་གཞིས་ཆགས་ཁག་ནང་སྤེལ་དགོས་ཡོད་རེད། གཞིས་ཆགས་དེའི་འཚོ་བ་དང་འབྲེལ་བ་ཡོད་པ་ཞིག་དང་། ཕུགས་རྒྱང་རིང་པོ་གནས་ཐུབ་པའི་ལས་གཞི་ཞིག་ཡིན་དགོས། དེ་ཡང་ང་ཚོའི་ལྔ་དང་ལྔ་བཅུའི་འཆར་གཞི་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཅེས་དང་། ལས་གཞི་དེ་བོད་པའི་གཞིས་ཆགས་ནང་བཙུགས་པའི་ཐོག་ནས་མ་མཐའ་ཡང་བོད་པའི་གཞོན་སྐྱེས་༢༠་ལ་ལས་ཀ་བསྐྲུན་ཐུབ་དགོས། འཆར་གཞི་འདིའི་ཐོག་རྒྱ་གར་སྒོར་མོ་ས་ཡ་བཅུ་ཕུལ་རྒྱུ་ཡིན། དེ་རིང་གསལ་བསྒྲགས་འདི་བརྒྱུད་ནས་སྙན་ཞུ་འབུལ་བར་ཉིན་མཐའ་མ་ནི་༢༠༡༩ལོའི་ཟླ་༨་པའི་ཚེས་༡་ཡིན་པ་དང་སྙན་ཞུ་དང་འབྲེལ་བའི་གནས་ཚུལ་གཤམ་འོག་དྲ་རྒྱ་བརྒྱུད་ནས་གཟིགས་རོགས་ཞེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། དཔལ་འབྱོར་ལས་ཁུངས་ཀྱི་ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་ (TED initiative) དང་ཁེ་ཎ་ཊ་མོན་ཁི་ཡོལ་ཁུལ་དུ་ཡོད་པའི་བོད་པའི་གསར་གཏོད་དེ་གཉིས་ཐུན་མོང་ཐོག་ནས་སྙན་ཞུ་འབུལ་མཁན་བཅུ་དེ་སྤྱི་ཟླ་༩་པའི་ཚེས་༢༠་འདེམ་རྒྱུ་དང་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུ་ཡིན། དེ་ནས་སྤྱི་ཟླ་༡༠་པའི་ཚེས་༢༠་ཉིན་ལ་འདེམས་ཐོན་བྱུང་བའི་མཐའ་མའི་མི་བཅུ་ལ་ང་ཚོའི་ཟུར་དཔང་གི་མདུན་ནས་དོ་བདག་སོ་སོ་ནས་ལས་གཞི་དེ་ཚད་ལྡན་དང་ཕུགས་རྒྱང་རིང་པོ་ཡིན་པ། རྒྱ་གར་ནང་ཁྲིམས་མཐུན་ཡིན་པ། གཞིས་ཆགས་ལ་ཕན་གྱི་ཡོད་པ། ཉུང་མཐའ་ཡང་བོད་པའི་གཞོན་སྐྱེས་༢༠་ལ་ལས་ཀ་བསྐྲུན་ཐབས་ཡོད་པའི་ཐོག་ནས་གསུང་དགོས་པ་དང་། དེ་ནས་ཟུར་དཔང་ཚོས་དཔྱད་པ་བྱས་ནས་མཐའ་མར་སུ་ཐོབ་ཀྱི་ཡོད་ན་སྤྱི་ཟླ་༡༠་པའི་ཚེས་༢༥་ཉིན་གསལ་བསྒྲགས་བྱ་རྒྱུ་ཡིན།

དེ་རྗེས་དོན་གཅོད་ཟུར་པ་སྐུ་ངོས་ཐུབ་བསྟན་བསམ་འཕེལ་མཆོག་གིས་བོད་པའི་གསར་གཏོད་(Tibet Innovations) ཀྱི་སྐོར་ངོ་སྤྲོད་གནང་དོན། བོད་པའི་གསར་གཏོད་ཅེས་པ་འདི་བཙུགས་ནས་ལོ་བཅུ་ལྷག་ཙམ་ཕྱིན་འདུག དང་པོ་འཛུགས་སྐབས་རྒྱ་གར་ནང་དུ་ཡོད་པའི་བོད་པའི་གཞིས་ཆགས་སྲ་བརྟན་ཡོང་ཆེད་དུ་དམིགས་ནས་བཙུགས་པ་ཤིག་མ་རེད། ཆབ་སྲིད་དང་ཚོང་འབྲེལ་ལས་འགུལ་ག་རེ་ཡིན་ནའང་བསམ་བློ་གསར་པ་དང་ཐབས་ཤེས་གསར་པ་ཡོང་ཆེད་བཙུགས་པ་ཞིག་ཡིན་པ་དང་། དེ་ནས་༢༠༠༩་ལོར་༸གོང་ས་མཆོག་ཁ་ཎ་ཊར་ཕེབས་སྐབས་བཀའ་གནང་བའི་ནང་བོད་པའི་གཞིས་ཆགས་ཁག་ནང་ཐབས་ཤེས་གང་བྱེད་རྒྱུ་མེད་ན་གཞིས་ཆགས་ཕྱེད་ཀ་སྟོང་འགྲོ་བའི་ཉེན་ཁ་འདུག་དང་། ཐབས་ཤེས་བྱེད་ཐུབ་ན་ཡག་པོ་འདུག་ཅེས་བཀའ་ཕེབས་རྗེས་༢༠༠༦་ལོར་ང་གཞིས་ཆགས་ཁག་དེ་ཚོའི་ནང་སྐོར་བསྐྱོད་དུ་ཕྱིན་ནས་ཡར་སྙན་གསང་ཞུས་ནས། གཞིས་ཆགས་ཁག་གི་ནང་དུ་ཐབས་ཤེས་ཤིག་མ་བྱེད་ན་སྟོང་མི་འགྲོ་བའི་ངེས་པ་ཁྱོན་ནས་མི་འདུག རྒན་པ་ཚོ་རྫོགས་འགྲོ་ཡོད་པ་དང་། གཞོན་པ་དེ་ཚོ་གཞིས་ཆགས་ནང་མ་སྡོད་པ་ཡིན་ན་གཞིས་ཆགས་སྟོང་རྒྱུ་རང་རེད་འདུག་ཅེས་ཞུས་ཡིན།

དེ་རྗེས་བསམ་བློ་དང་གྲོས་བསྡུར་མང་པོ་བྱུང་བའི་རྗེས་ནས་༢༠༠༩་ནས་དངུལ་བསྡུས་ནས་ད་ལྟར་ཨིན་ལེན་ཡོད་པའི་བོད་ཁང་ཐེབས་རྩ་ཁང་ལ་བཞག་པ་ཡིན། དེ་རིང་དངུལ་དེ་བེད་སྤྱོད་བཏང་ནས་གཞིས་ཆགས་ནང་ལ་ལས་ཀ་འཛུགས་བསྐྲུན་དང་གླ་ཆ་ཡག་པོ་སྤྲོད་ཐབས་དེ་ཡིན། དེ་འདྲའི་ཐོག་གཞོན་སྐྱེས་ཚོས་བསམ་བློ་གཏོང་ཡུལ་ཞིག་ཆགས་ཀྱི་རེད་བསམས། དེ་མ་གཏོགས་གཞོན་སྐྱེས་ཚོ་གཞིས་ཆགས་ནང་འཚར་ལོངས་བྱུང་ནས་ཕ་མ་དང་ཕྲུག་གུ་ལྟ་སྐྱོང་བྱེད་དགོས་བསམ་རུང་ལས་ཀ་ཡག་པོ་རག་གི་མེད་ཙང་ཐབས་ཤེས་མེད། མང་ཆེ་བ་གཞིས་ཆགས་ནས་མར་ཐོན་ནས་ཕྱིར་འགྲོ་དགོས་པ་ཆགས་ཀྱི་ཡོད། དེར་བརྟེན། ང་ཚོས་དེ་རིང་ཐབས་ཤེས་ཡག་ཤོས་དེ་དངུལ་གྱི་བྱ་དགའ་དེ་ཆེ་ཙམ་བཞག་ནས་སྤྱི་ཚོགས་ནང་དེའི་ཐོག་ལ་ཐབས་ལམ་དང་ལས་འཆར་ཡོད་མཁན་དང་། དཔལ་འབྱོར་ཐོག་ལ་རྒྱབ་སྐྱོར་་མེད་མཁན་སུ་ཡིན་ན་ཡང་མ་དངུལ་ས་ཡ་བཅུ་དེ་འདྲ་གཏོང་རྒྱུའི་བསམ་བློ་འཁྱེར་ནས་བོད་པའི་གསར་གཏོད(Tibet Innovation)་ཅེས་པ་འདི་འགོ་འཛུགས་བྱས་པ་ཞིག་རེད་ཅེས་གསུངས་སོང་།

བོད་མི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་པའི་ལས་འཆར་འགྲན་བསྡུར་སྐབས་བོད་མི་སི་ཚོགས་ཁེ་ལས་པ་རྣམས་ཀྱི་ཚོང་ལས་འཆར་གཞི་ཁག་རྒྱུན་གནས་ཐུབ་པར་འགོག་རྐྱེན་མི་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ལས་འཆར་སྙན་འབུལ་བྱུང་བ་རྣམས་བཤེར་དཔང་ལྷན་ཚོགས་ (Jury) ནས་དཔྱད་ཞིབ་དང་འབྲེལ་རྒྱལ་ཁ་ཐོབ་མཁན་ལ་ཕྱི་ལོ་༢༠༡༩་ཟླ་༡༠ཚེས་༢༥ཉིན་ཧིན་སྒོར་ས་ཡ་བཅུའི་མ་རྩའི་མཐུན་འགྱུར་ཞུ་རྒྱུ་ཡིན་འདུག་པར་བསྒྲགས་སོང་།

བོད་མི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་པའི་ལས་འཆར་གྱི་འགྲན་བསྡུར་འདི་བཞིན༸སྤྱིའི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞིར་བཟུང་གཞིས་ཆགས་ཀྱི་གཞོན་སྐྱེས་མང་པོར་ཡོང་འབབ་ཡག་པོ་ཡོད་པའི་ལས་ཀ་འཚོལ་ཐབས་མེད་པར་ཕྱིར་བསྐྱོད་ཀྱིས་གཞིས་ཆགས་རྒྱུན་གནས་ཐུབ་རྒྱུར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་བཞིན་པ་དང་འབྲེལ་ནས་བྱུང་བ་ཞིག་ཡིན་དུས། གཞིས་ཆགས་ཀྱི་གཞོན་སྐྱེས་རྣམས་ལ་ཡོང་འབབ་ཡོད་པའི་ལས་ཀའི་གོ་སྐབས་བསྐྲུན་ཐུབ་པ་ཡིན་ན། གཞོན་སྐྱེས་རྣམས་ལས་ཀའི་ཆེད་ཕྱིར་བསྐྱོད་མི་དགོས་པར་འཚོ་གནས་བསྐྲུན་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད།

བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་དང་བོད་པའི་གསར་གཏོད་ཟུང་འབྲེལ་གྱི་གོང་གསལ་ལས་གཞི་དང་འབྲེལ་བའི་དྲྭ་རྒྱ་ཞིག་གསར་བཟོ་ཞུས་ཡོད་པ་དེའི་ནང་བོད་མི་གཞོན་སྐྱེས་རྣམས་ལ་ཡོང་འབབ་ཡོད་པའི་ལས་ཀའི་གོ་སྐབས་བསྐྲུན་ཐུབ་པའི་འགྲན་བསྡུར་ལས་འཆར་གི་ཞིབ་ཕྲའི་གནས་ཚུལ་དང་། དགོས་མཁོའི་འོས་ཆོས།དྲྭ་ཐོག་འགེངས་ཤོག ཚོང་ལས་འཆར་གཞིའི་ཆ་རྐྱེན་བཅས་བཀོད་ཡོད་པས། དོན་གཉེར་ཅན་གི་བོད་མི་སྤྱི་ཚོགས་ཁེ་ལས་པ་རྣམས་ནས་ཚོང་ལས་ཀྱི་འཆར་གཞི་འབུལ་རྒྱུ་དང་། མི་ཚེ་གཅིག་གི་གོ་སྐབས་ཡག་ཤོས་སུ་རྩིས་ནས་མཉམ་བཞུགས་ཡོང་བའི་འབོད་བསྐུལ་ཞུ་རྒྱུ། བོད་མི་གཞོན་སྐྱེས་རྣམས་ལ་ཡོང་འབབ་ཡོད་པའི་ལས་ཀའི་གོ་སྐབས་བསྐྲུན་པའི་ལས་འཆར་འགྲན་བསྡུར་གྱི་ཞིབ་ཕྲའི་གནས་ཚུལ་མཁྱེན་འདོད་ཚེ་www.tibetinnovations.org་ཐོག་འཁོད་འདུག