18
Sun, Aug

༢༠༡༩ལོའི་ཟླ་༢ཚེས་༡༡ཉིན། བཞུགས་སྒར་རྡ་སའི་རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གིས་རྩོམ་པ་པོ་གྲགས་ཅན་ཌེ་པྭ་ཆོ་པྭ་ར་ལགས་དང་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་འདུག སྐུ་པར། རྒྱལ་བ་རིན་པོ་ཆེའི་དྲ་བ།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༢ཚེས་༡༡ཉིན། བཞུགས་སྒར་རྡ་སའི་རྒྱལ་བའི་ཕོ་བྲང་དུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྩོམ་པ་པོ་གྲགས་ཅན་ཌེ་པྭ་ཆོ་པྭ་ར(Deepak Chopra) ལགས་ཀྱིས་སྣེ་ཁྲིད་པའི་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་དང་།

སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དུས་རབས་༢༡པ་འདི་ཞི་བདེ་དང་འཆམ་མཐུན། དེ་བཞིན་གྲོས་མོལ་གྱི་དུས་རབས་ཤིག་བསྐྲུན་དགོས་གལ་ཡིན་པར་བཀའ་བསྩལ་བ་མ་ཟད། འཛམ་གླིང་ཞི་བདེའི་བདེ་དེད་དཔོན་ཚོས་ཐུགས་འགན་གཙོ་བཞེས་ཐོག་གོ་མཚོན་མེད་པའི་ལས་འགུལ་ཤུགས་ཆེ་སྤེལ་གནད་ཡིན་པར་ལམ་སྟོན་བསྩལ་དོན་བཞིན། འདི་ལོར་རྒྱ་གར་གྱི་ནོ་སྦེལ་ཞི་བདེའི་དེད་དཔོན་གྱིས་སྣེ་ཁྲིད་འོག་རྒྱལ་ས་ལྡི་ལིར་ནོ་སྦེལ་ཞི་བདེའི་དེད་དཔོན་གྱི་ཚོགས་ཆེན་ཞིག་འཚོགས་རྒྱུར་ཐུགས་རེ་མཛད་བཞིན་ཡོད་པ་གསུངས་འདུག

དེ་ཡང་།༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་ཞུས་པའི་རྒྱ་གར་གྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཌེ་པྭ་ཆོ་པྭ་ར(Deepak Chopra) ལགས་ཀྱིས་སྣེ་ཁྲིད་པའི་མི་སྣ་༥༠ཙམ་ལ་མཇལ་ཁ་གནང་ནས། རྡ་ས་ནི་ངོས་ཀྱི་ཁྱིམ་ལྟ་བུ་ཡིན་པས་ཚང་མ་འདིར་ཕེབས་པ་དགའ་བསུ་ཡོད་ཅེས་དང་བཀའ་སློབ་བཀའ་དྲིན་བསྩལ་དོན། ང་ཚོ་དུས་རབས་འདིར་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་ཡོད་རུང་། ད་དུང་ཡང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་དང་། དེ་ནི་ངོས་ཀྱིས་རྒྱུན་དུ་ནང་སེམས་ཀྱི་དཀའ་ངལ་ཞེས་བརྗོད་བཞིན་ཡོད། དཀའ་ངལ་ཁ་ཤས་ནི་རང་བྱུང་གི་དཀའ་ངལ་དང་མང་པོ་ཞིག་ནི་མིས་བཟོས་པ་ཡིན། ང་ཚོ་མང་པོ་ཞིག་གིས་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་དང་གལ་ཆེན་བྱེད་ཀྱི་མེད། ཕྱིའི་དངོས་པོ་ཡར་རྒྱས་ཐོག་ལ་དོ་སྣང་བྱེད་དྲག་པས་དཀའ་ངལ་འཕྲད་བཞིན་ཡོད་ཅེས་དང་། ཚན་རིག་པའི་ཉམས་ཞིབ་ཁྲོད་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེ་ཡིན་པ་ར་འཕྲོད་གསལ་པོ་ཆགས་དོན་ལྟར་ང་ཚོ་དང་ཁོང་ཚོ།ཆོས་ལུགས་དང་རྒྱལ་ཁབ་སོགས་རིམ་པ་ཕལ་བའི་ཁྱད་པར་ལ་དོ་སྣང་གནང་བ་ལས་འགྲོ་བ་མི་ཀུན་གཅིག་གྱུར་ཡིན་པའི་འདུ་ཤེས་ལ་དོ་སྣང་ཆེར་གནང་གནད་ཡིན་པ་དང་། དེའང་བྱམས་བརྩེའི་གཞི་རྩ་ཐོག་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམས་ལ་དམིགས་གསལ་གྱི་འགན་ཡོད་པའི་ལམ་སྟོན་བསྩལ་འདུག

རྩོམ་པ་པོ་གྲགས་ཅན་ཌེ་པྭ་ཆོ་པྭ་ར(Deepak Chopra) ལགས་ཀྱིས། ༸གོང་ས་མཆོག་ལ་ང་ཚོ་ཐེངས་སྔོན་མར་ཐུགས་འཕྲད་བྱས་རྗེས། ང་ཚོས་ནད་ན་བའི་རྒྱུ་རྐྱེན་རྣམས་བཙལ་བ་ཡིན། བྱམས་བརྩེ་དང་དྲན་པ་ཉེར་བཞག་བཅས་ཀྱི་ཉམས་ལེན་ལ་བརྟེན་ནས། སྙིང་ནད་དང་སྐྲན་ནད་སོགས་ཀྱིས་མཚོན་པའི་ནད་རིགས་མང་པོ་ཞིག་དྲག་སྐྱེད་འགྲོ་བཞིན་ཡོད་པའི་ར་སྤྲོད་བྱས་སོང་ཞེས་བརྗོད་འདུག

དེ་རྗེས་༸གོང་ས་མཆོག་གིས་དུས་རབས་༢༡པ་འདི་ཞི་བདེ་དང་འཆམ་མཐུན། དེ་བཞིན་གྲོས་མོལ་གྱི་དུས་རབས་ཤིག་བསྐྲུན་དགོས་གལ་ཆེན་ཡིན་པར་བཀའ་བསྩལ་བ་མ་ཟད། ལོ་ཤས་སྔོན་དུ། མགོན་པོ་མཆོག་ཨི་ཊ་ལི་རྒྱལ་ས་རོམ་ནང་དུ་ནོ་སྦེལ་ཞི་བདེའི་དེད་དཔོན་གྱི་ཚོགས་ཆེན་ཐོག་དབུ་བཞུགས་མཛད་སྐབས། རྡུལ་ཕྲན་མཚོན་ཆའི་ཉེན་ཚབས་སྐོར་གླེང་སློང་བྱུང་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་རྡུལ་ཕྲན་མཚོན་ཆ་མེད་པའི་འཚེ་མེད་ཞི་བའི་འཛམ་གླིང་ཞིག་བསྐྲུན་དགོས་རྒྱུར་ཚིག་སྐམ་པོ་བཤད་པ་ཙམ་གྱིས་ཕན་འབྲས་གང་ཡང་མེད་སྟབས། འཛམ་གླིང་ཞི་བདེའི་བདེ་དེད་དཔོན་ཚོས་ཐུགས་འགན་གཙོ་བཞེས་ཐོག་གོ་མཚོན་མེད་པའི་ལས་འགུལ་ཤུགས་ཆེ་སྤེལ་གནད་ཡིན་པར་ལམ་སྟོན་བསྩལ་དོན་བཞིན། འདི་ལོར་རྒྱ་གར་གྱི་ནོ་སྦེལ་ཞི་བདེའི་དེད་དཔོན་པོས་སྣེ་ཁྲིད་འོག་རྒྱལ་ས་ལྡི་ལིར་ནོ་སྦེལ་ཞི་བདེའི་དེད་དཔོན་གྱི་ཚོགས་ཆེན་ཞིག་འཚོགས་རྒྱུར་ཐུགས་རེ་མཛད་བཞིན་ཡོད་པ་དང་། དེའི་ཐོག་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷ་ར་ཁི་ཨོ་བྷ་མ(Barack Obama)མཆོག་དང་ཇོ་ཆི་བྷོ་ཞི་གཞོན་པ(George W Bush)་རྣམ་གཉིས་ཀྱང་ཕེབས་ཐུབ་པར་ཐུགས་རེ་མཛད་ཀྱི་ཡོད་པ་བཀའ་བསྩལ་འདུག

སྐུ་ཞབས་ཌེ་པྭ་ཆོ་པྭ་ར(Deepak Chopra) ལགས་ནི་རྒྱ་གར་ནང་འཁྲུངས་པའི་ཨ་རིའི་མི་སེར་ཡིན་པ་དང་། སྨན་བཅོས་ཀྱི་ཐབས་ལམ་གཞན་ལག་བསྟར་གོང་འཕེལ་ཐད་མཚན་སྙན་ལྡན་པའི་ཕྱག་ལས་གནང་མཁན་དང་།་མང་ཚོགས་ལ་སེམས་འགུལ་ཐེབས་པའི་གསུང་བཤད་གནང་མཁན་སོགས་ཀྱི་ཁྱད་ཆོས་ལྡན་པའི་དེང་སྐབས་སུ་མི་སྣ་གཙོ་བོ་ཞིག་ཆགས་ཡོད་པ་རེད། དེ་སྔ་ཡང་ཁོང་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཐེངས་ཁ་ཤས་གནང་མྱོང་ཡོད་འདུག

 

གསལ་བསྒྲགས་ཀྱི་ས་མིག