16
Tue, Apr

༢༠༡༩ལོའི་ཟླ་༡་ཚེས་༤ཉིན། ༸གོང་ས་མཆོག་གཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༡་ཚེས་༤ཉིན།༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་རྣམས་ལེགས་པར་གྲུབ་ནས་དེ་རིང་ཞོགས་པ་ཆུ་ཚོད་དགུ་པ་ཙམ་ལ་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་སོང་།

དེ་ཡང་། ༸གོང་ས་ མཆོག་ ཟླ་ ༡ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་རྡ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོདཔ་དང་། སྐབས་དེར་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་དོན། ད་ཐེངས་ཏོག་ཙམ་ཐང་ཆད་བྱུང་། བདུན་ཕྲག་བཞི་ལྷག་ཙམ་བསྡད་པ་རེད། ཏོག་ཙམ་རིང་དྲགས་འདུག ཁ་སང་རྡོ་རྗེ་གདན་དུ་མི་ཧ་ཅང་མང་པོ་ཞིག་འཛོམས། ཐལ་བ་དང་དེ་འདྲ་ལ་བརྟེན་ནས་ནད་ཡམས་ལྟ་བུ་འཁྱུག་ཙམ་བྱུང་འདུག མི་མང་ནང་དུའང་སྐྱུག་བཤལ་བྱས་པ་དེ་འདྲ་བྱུང་འདུག ངོས་རང་ཡང་དེ་མཚུངས་འཁྱུག་ཙམ་རིང་སྐྱུག་བཤལ་བྱས་བྱུང་། ད་ལྟ་བདེ་ཐང་ཡིན། ཞེས་བཀའ་ལན་སྩལ།

དེ་ནས་བཞུགས་སྒར་དུ་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་དུ་བོད་རིགས་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་སོགས་ཐོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་སོང་།

༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་༢༠༡༨ལོའི་ཟླ་༡༢ཚེས་༢༤ཉིན་ནས་གསུང་ཆོས་དབུ་དབུ་འཛུགས་གནང་ཡོད་པ་དང་། ཚེས་༢༤ཉིན་དངུལ་ཆུ་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། ཚད་མ་རྣམ་འགྲེལ་གྱི་བཀའ་ཆོས།ཚེས་༢༥་ཉིན་ལག་ལེན་སོང་བདུན་མ་དང་རྣམ་འགྲེལ་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་པ།ཚེས་༢༦ཉིན་འཇིགས་བྱེད་དཔའ་བོ་གཅིག་གི་དབང་བསྩལ་ཞིང་། ཚེས་༢༨ཉིན་འཇམ་དབྱངས་ཆོས་སྐོར་གྱི་གསུང་ཆོས་དབུ་འཛུགས་མཛད་པ།ཚེས་༢༩ཉིན་རྗེ་བཙུན་མ་ནག་མོའི་དབང་དང་བདེ་མཆོག་ཚེ་ལྷ་དཀར་པོ། ནོར་ལྷ་སྒྲོལ་དཀར་གྱི་དབང་བསྩལ།

ཚེས་༣༠ཉིན་ཆོས་རྒྱལ་ནང་སྒྲུབ་དང་ཆོས་རྒྱལ་ཕྱི་སྒྲུབ།ཆོས་རྒྱལ་ཕྱི་སྒྲུབ་བཅས་ཀྱི་བཀའ་དྲིན་བསྩལ་ཡོད་འདུགཚེས་༣༡ཉིན། རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་སྒྲིག་འཛུགས་དང་རྣམ་རྒྱལ་གྲྭ་ཚང་། ཤེལ་དཀར་མངའ་ཞབས་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུ་ཚེ་ཡུན་རིང་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། རྟེན་འབྲེལ་མཚོན་ཆེད་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཆུང་བ་གྲངས་༡༡༣བརྟན་བཞུགས་ཀྱི་འབུལ་མཚོན་དུ་འདེགས་འབུལ་ཞུས་འདུག་ཅིང་། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ནི། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ཡིན་འདུག་པ་བཅས་ཀྱི་གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཕྲིན་ལེགས་པར་གྲུབ་ནས་དེ་རིང་ཞོགས་པ་ཆུ་ཚོད་དགུ་པ་ཙམ་ལ་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་སོང་།