19
Fri, Apr

༢༠༡༨ལོའི་ཟླ༡༢ཚེས་༣༠ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བདེ་མཆོག་ཚེ་ལྷ་དཀར་པོའི་བཀའ་དབང་བཀའ་དྲིན་སྩལ་། པར། ༸རྒྱལ་བ་རིན་པོ་ཆེ་དྲ་རྒྱ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༢ཚེས་༣༠ཉིན་སྤེལ། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཟླ་འདིའི་ཚེས་༢༤ཉིན་ནས་གསུང་ཆོས་དབུ་དབུ་འཛུགས་གནང་ཡོད་པ་དང་། ཚེས་༢༤ཉིན་དངུལ་ཆུ་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། ཚད་མ་རྣམ་འགྲེལ་གྱི་བཀའ་ཆོས། ཚེས་༢༦ཉིན་འཇིགས་བྱེད་དཔའ་བོ་གཅིག་གི་དབང་བསྩལ་ཞིང་། ཚེས་༢༩ཉིན་རྗེ་བཙུན་མ་ནག་མོའི་དབང་དང་བདེ་མཆོག་ཚེ་ལྷ་དཀར་པོ།ནོར་ལྷ་སྒྲོལ་དཀར་དང་། ཚེས་༣༠ཉིན་ཆོས་རྒྱལ་ནང་སྒྲུབ་དང་ཆོས་རྒྱལ་ཕྱི་སྒྲུབ། ཆོས་རྒྱལ་ཕྱི་སྒྲུབ་བཅས་ཀྱི་བཀའ་དྲིན་བསྩལ་ཡོད་འདུག

ཟླ་འདིའི་ཚེས་༢༨་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་དགོངས་རྫོགས་ཉིན་མོ་ཡིན་པས་འདས་མཆོད་དུ་བཟང་སྤྱོད་སྨོན་ལམ་གསུངས་དགོས་ཞེས་བཀའ་ཕེབས་པ་དང་འབྲེལ་སྨོན་ལམ་གསུངས་འདོན་གནང་གྲུབ་མཚམས། ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་གསུང་ཆོས་དབུ་འཛུགས་ཀྱིས་འཇམ་དབྱངས་དཔའ་གཅིག་དང་འཇམ་དབྱངས་ལུས་དཀྱིལ།འཇམ་དབྱངས་གསང་སྒྲུབ། འཇམ་དབྱངས་ནང་སྒྲུབ་བཅས་རིམ་པར་བསྩལ་ཏེ། ཆུ་ཚོད་༡༡།༣༠ཙམ་ལ་གསུང་ཆོས་ཉིན་དང་པོའི་གནང་སྒོ་ལེགས་པར་གྲུབ་པ་དང་།དམིགས་བརྩེ་མ་དང་ཨོཾ་ཨ་ར་པ་ཙ་ན་དྷཱིཿཕྲེང་སྐོར་རེ་ཉིན་རེར་ཕྲེང་གསོག་བྱེད་དགོས་སྐོར་བཀའ་ཕེབས་འདུག

ཚེས་༣༠ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བདེ་མཆོག་ཚེ་ལྷ་དཀར་པོའི་བཀའ་དབང་བཀའ་དྲིན་སྩལ་ཏེ་རྡོར་གདན་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་རེད།

དེ་ཡང་སྐབས་དེར་༸གོང་ས་མཆོག་གིས་གསུང་དོན། ཁ་སང་གློ་བུར་དུ་གཟུགས་པོ་མ་བདེ་བ་བྱུང་ནས་བསྐྱུགས་པ་དང་གཤལ་བ།མཁྲིས་པ་འཕར་བ་བཅས་བྱུང་སོང་།ཁྱོད་རང་ཚོ་ཚང་མའི་དམ་ཚིག་དང་དད་པའི་ཤུགས་རྐྱེན་ཕལ་ཆེར་ཏན་ཏན་ཡོད་པ་རེད།ཁ་སང་ཕྱི་དྲོ་ནས་སངས་དྲག་བྱུང་སོང་།དེ་རིང་འཇམ་དབྱངས་ཆོས་སྐོར་ལས་བདེ་མཆོག་ཚེ་ལྷ་དཀར་པོ་བཏོན་རྗེས་རྟེན་འབྲེལ་བྱས་ཏེ་འདིར་འཇོག་གི་ཡིན།ཞེས་འཕྲོས་ལོ་རྗེས་མར་གནང་རྒྱུ་ཡིན་པའི་བཀའ་ཕེབས་རྗེས་སྒྲུབ་གཞག་བདག་བསྐྱེད་གསུང་འདོན་མཛད།དེ་ནས་སྔོན་མ་ངོས་རང་གིས་བདེ་མཆོག་ཚེ་ལྷ་དཀར་པོ་ཞུས་ནས་བདེ་མཆོག་ཚེ་ལྷ་དཀར་པོའི་ཚེ་བསྙེན་ཞོགས་པ་རེ་ལྟར་འདོན་བཞིན་ཡོད།དེའི་རྗེས་སུ་རླུང་སྦྱོར་ཅུང་ཙམ་བྱེད་ཀྱི་ཡོད།བདེ་མཆོག་ཚེ་ལྷ་དཀར་པོ་དང་།སྤྱིར་འཁོར་ལོ་སྡོམ་པ་དུས་ཀྱི་མཐའ་ཅི་ཙམ་སྙིགས་མར་གྱུར་པའི་ཚོད་ཀྱིས་ཐུགས་རྗེ་བྱིན་རླབས་དེའི་ཚོད་ཀྱིས་ཡོང་གི་རེད་ཅེས་གསུངས་ཀྱི་ཡོད་པ་རེད།རི་རབ་ཀྱི་རྩེ་ལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ད་ལྟ་བར་དུ་བཞུགས་ཡོད་པ་རེད་ཟེར།ངོས་ཀྱིས་རི་རབ་ཁས་ལེན་གྱི་ཡོད་པ་མ་རེད།འདི་ག་ཞིག་ཏུ་མེད་དམ།ཞེས་བཞད་མོ་དང་སྦྲགས་འདི་ཚོའི་གྲས་ནི་སྐབས་དེ་དང་དེའི་གདུལ་བྱའི་ཁམས་དང་མོས་པ་ལ་བརྟེན་ནས་གསུངས་པ་ཞིག་དང་ཕན་གྱི་ཡོད་པ་རེད་ཅེས་གསུངས།

ཡང་ཁོང་གིས་མུ་མཐུད་ནས་གསུང་དོན། གང་ལྟར་སྤྱིར་ཡི་དམ་གསང་བདེ་འཇིགས་གསུམ་ཞེས་བརྗོད་སྐབས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ནི་ཧ་ཅང་གསལ་བོ་རེད།གསང་བ་འདུས་པར་ཆ་བཞག་ན་མགོན་པོ་ཀླུ་སྒྲུབ་རང་ཉིད་ཀྱིས་མདོར་བྱས། མདོར་བསྲེ། རིམ་ལྔ་བཅས་མཛད་ནས་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་སྤྱོད་བསྡུས་བཅས་ཁ་སང་ཞུས་ཟིན་པ་རེད།ཁུངས་ཐུབ་པ་ཞིག་རེད། འཁོར་ལོ་སྡོམ་པ་ཡང་དེ་དེ་བཞིན་སྒྲུབ་གཞི་ཚད་ལྡན་མར་བརྒྱུད་ཡོང་བ་ཞིག་རེད། དེ་བཞིན་འཇིགས་བྱེད་བྷ་རོར་ནས་མར་བརྒྱུད་པ་རྒྱ་གར་དུ་གྲགས་ཆེ་བ་ཞིག་ཡོད་པ་མི་ཤེས་ཏེ་བོད་གངས་ཅན་གྱི་ལྗོངས་ལ་གཤིན་རྗེ་གཤེད་ཀྱི་ཆོ་ག་དར་སོ་ཆེན་པོ་བྱུང་འདུགདེ་རིང་སྐབས་སུ་བབ་པ་བདེ་མཆོག་ཚེ་ལྷ་དཀར་པོ་རེད། སྔོན་དུ་མདུན་བསྐྱེད་སྒོམ་པ་ལྟར་བླ་མ་བདེ་མཆོག་ལྷ་དཀར་པོ་ཡབ་ཡུམ་དུ་གསལ་ནས་ཡོད་པ་དང་། མདུན་བསྐྱེད་བུམ་པའི་ནང་དུ་བདེ་མཆོག་ཚེ་ལྷ་དཀར་པོ་དང་། ཐོད་པའི་ནང་དུ་རྡོ་རྗེ་རྣལ་འབྱོར་མ་བསྐྱེད་ནས་ཡོད་པ་རེད། ཐེངས་འདིའི་གནས་མཆོག་རྡོ་རྗེ་གདན་གྱི་བཀའ་ཆོས་ཀྱི་མཇུག་ཏུ་དགེ་བའི་ཆོས་ཆགས་ཡོད་པ་རེད།བདེ་མཆོག་ཚེ་ལྷ་དཀར་པོའི་སྒོ་ནས་ཚེ་དབང་རྗེས་གནང་འདིའི་རྗེས་ད་ལོ་ལོ་འདིའི་ཆོས་མཚམས་འཇོག་རྒྱུ་བྱོས།ཞེས་བཀའ་སློབ་སྩལ་རྗེས་བཀའ་ཆོས་དངོས་གཞི་དབུ་འཛུགས་གནང་།

ཡང་ཁོང་གིས་མུ་མཐུད་ནས་བྱང་ཆུབ་སེམས་ཀྱི་ཐད་ལ་ནུས་པ་འདོན་དགོས་པའི་ཕྱོགས་ནས་འདི་ལྟར་གསུང་དོན། གནས་མཆོག་རྡོ་རྗེ་གདན་ལ་ང་ཚོ་དུས་གཅིག་ལ་ཚང་མ་མཉམ་དུ་འཛོམས་ནས་བཀའ་ཆོས་མཉམ་དུ་ཞུ་བཞིན་ཡོད་པ་རེད།སྐབས་སུ་བབ་པ་བདེ་མཆོག་ཚེ་ལྷ་དཀར་པོའི་ཚེ་དབང་མཉམ་དུ་ཞུ་བཞིན་ཡོད་པ་རེད། ཡིན་ནའང་།ཀུན་སློང་གི་ཁྱད་པར་ལས་རིགས་འགའ་ཤས་ལ་དངོས་གནས་གཞུང་དང་མཐུན་པ་ཞིག་ཡོང་བ་དང་།རིགས་འགའ་ཤས་ལ་ཁ་སང་དབང་གི་སྐབས་སུ་བརྗོད་པ་ལྟར་ཚེ་འདིའི་ཚེ་རིང་བ་དང་ནད་མེད་པ་ལྟ་བུར་བསམ་བློ་བཏང་ནས་ཕྱིན་པ་ཡིན་ན་དེའི་ཚོད་ཀྱི་དགེ་བ་མ་གཏོགས་ཡོད་པ་མ་རེད། གང་ལྟར། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།ཅེས་པ་ལྟར། ང་ཚོས་ནུས་པ་འདོན་ས་ནི་བྱང་ཆུབ་ཀྱི་སེམས་ལ་ནུས་པ་འདོན་དགོས་པ་རེད། དེ་ལྟ་བུའི་བསམ་བློས་ཟིན་པ་བྱས་ནས་དུས་འདི་ནས་བཟུང་སྟེ། ནམ་མཁའ་མ་ཟད་ཀྱི་བར་དུ་གཞན་དོན་སྒྲུབ་རྒྱུ་ཡིན་བསམ་པ་ཞིག་དང་། ཚེ་འདི་ལ་ཡིན་ནའང་གང་འཚམ་གཞན་དོན་སྒྲུབ་ཐུབ་ཀྱི་ཡོད་པ་རེད།ཅིའི་ཕྱིར་ཟེར་ན་མི་ལུས་ཐོབ་ཡོད་པ་རེད།སངས་རྒྱས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་ལ་སོ་སོ་མོས་པ་ཐོབ་ཡོད་པ་རེད། དེར་བརྟེན།ག་ཚོད་ཐུབ་ཐུབ་ཀྱིས་གཞན་ལ་ཕན་ཐོགས་པའི་ཆ་རྐྱེན་གང་འཚམ་འཛོམས་ཡོད་པ་ཞིག་རེད། དེ་ལྟ་བུའི་ལུས་རྟེན་འདི་རིང་དུ་གནས་ཐུབ་པ་ཞིག་ལ་དགོས་པ་རང་དོན་སྒྲུབ་པའི་བསམ་བློ་མ་ཡིན་པར་གཞན་དོན་སྒྲུབ་པའི་ཆེད་དུ་དམིགས་ནས་ཚེ་རིང་དུ་གནས་པ་ཞིག་བྱུང་ཐུབ་ན་བསམ་པའི་ཐོག་ནས་དབུ་མ་པ་དཔའ་བོ་རྡོ་རྗེ་ནས་མར་བརྒྱུད་པའི་བདེ་མཆོག་ཚེ་ལྷ་དཀར་པོ་འདིའི་བྱིན་རླབས་ཞུ་བསམ་པ་དགོས་ཞེས་བཀའ་སྩལ་རྗེས་བྱང་སྡོམ་དང་སྔགས་སྡོམ་བཟུང་བ་བཅས་གནང་སྟེ། འཇམ་དབྱངས་ཆོས་སྐོར་གྱི་ནང་ཚན་བདེ་མཆོག་ཚེ་ལྷ་དཀར་པོའི་བཀའ་དབང་དང་འབྲེལ་མཐོ་བ་ལ་ཕྲག་དོན་དང་མཉམ་པ་ལ་འགྲན་སེམས་ནི་རང་སོ་སོ་ཡང་མ་སྐྱིད་པ་བཟོ་བ་ཞིག་ཡིན་པ་སོགས་བཀའ་སློབ་ཟབ་རྒྱས་བསྩལ།

གཞན་ཡང་། མགོན་པོ་གང་ཉིད་ཀྱིས་དབང་གི་མཇུག་ཏུ་ཐུགས་བསྐྱེད་སྨོན་ལམ་འདེབས་ཚུལ་གྱི་ཐད་ནས་འདི་ལྟར་གསུང་དོན། ཐེངས་འདིར་རྡོ་རྗེ་གདན་ལ་རྒྱལ་ཁབ་མང་པོ་ཞིག་ནས་མི་མང་པོ་འཛོམས་ནས་ང་ཚོས་ཉིན་རེ་བཞིན་ཤེས་རབ་སྙིང་པོ་སྐད་ཡིག་མི་འདྲ་བའི་ཐོག་འདོན་རྒྱུ་བྱུང་བ་རེད།དེར་བརྟེན། གང་ལྟར་ང་རང་ཚོ་ཚང་མ་གནས་འདིར་འཛོམས་ནས་དགེ་བ་རླབས་ཆེན་པོ་བསགས་ཡོད་པ་རེད། ངོས་ནས་ཀྱང་སྨོན་ལམ་བརྒྱབ།དེ་ལྟ་བུའི་དགེ་བ་སྒྲུབ་ཡོད་པ་དེ་ནི་རྗེ་བཙུན་འཇམ་པའི་དབྱངས་དང་ཀུན་ཏུ་བཟང་པོ་སོགས་ཀྱིས་ཐུགས་བསྐྱེད་སྨོན་ལམ་ཇི་ལྟར་གནང་བ་བཞིན་ང་རང་ཚོས་དགེ་བ་ཕྲན་བུ་བསག་ཡོད་པ་དེ་དག་གིས་ཇི་ལྟར་བསྔོ་བ་མཛད་པ་ནང་བཞིན་ཡོང་བ་ཤོག་བསམ་པའི་བསམ་བློ་ཡག་པོ་བཏང་ནས་བསྔོ་སྨོན་གསུངས་དགོས་པ་བཀའ་ཕེབས་པ་དང་འབྲེལ།འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།།དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར།།དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།ཞེས་སོགས་གསུང་འདོན་གནང་།

དེ་ནས་ལོ་རྗེས་མར་རྟོགས་འབུལ་བྱེད་དགོས་པ་དང་། སྔར་མགོན་པོ་གང་ཉིད་ནས་ཡོངས་འཛིན་གླིང་རིན་པོ་ཆེར་རྟོགས་འབུལ་ཞུ་སྐབས།ཡོངས་འཛིན་གླིང་རྡོ་རྗེ་འཆང་མཆོག་གིས།རིང་པོར་མི་ཐོགས་པར་ནམ་མཁའི་རྣལ་འབྱོར་པ་ཆགས་པ་འདུག་ཅེས་བཀའ་བཟང་ཕེབས་སྐོར་དང་། མང་ཚོགས་རྣམས་ནས་ཀྱང་ལོ་རྗེས་མའི་བཀའ་ཆོས་སྐབས་བླ་མ་མཇལ་སྐབས་སེམས་ནང་སྤྲོ་སྣང་དང་ལྡན་པའི་ཐོག་ནས་མཇལ་རྒྱུ་ཡོད་པ་ཞིག་དགོས་ཞེས་སོགས་དང་། མགོན་པོ་གང་ཉིད་མཆོག་གིས་སྟོང་ཉིད་ཀྱི་ལྟ་བར་དགོངས་པ་བཞེས་ནས་ལོ་༧༠དང་། བྱང་ཆུབ་ཀྱི་སེམས་ལ་དགོངས་པ་བཞེས་ནས་ལོ་༥༠ཡས་མས་ཕེབས་ཚུལ་དང་། ཆོས་ཞུ་བ་ཚང་མ་མཁས་བཙུན་བཟང་གསུམ་ལྡན་པ་བྱེད་དགོས་པ་བཅས་བཀའ་ཕེབས།

མཐར་ཁོང་གིས་མུ་མཐུད་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་ཐོག་ནས་ཐུགས་སྨོན་མཚམས་སྦྱོར་གནང་དགོས་པའི་སྐོར་ནས་གསུང་དོན། རྡ་རམ་ས་ལའི་སྒྲིག་འཛུགས་འདི་བཞིན་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་མཁན་ཞིག་ཆགས་ཡོད་པ་དང་། དེའི་ངོས་ནས་སང་ཉིན་བརྟན་བཞུགས་ཤིག་དང་། ཤེལ་དཀར་མངའ་ཞབས་དང་། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་བཅས་ནས་བརྟན་བཞུགས་ཤིག་ཡོད་པ་རེད། སོ་སོ་བྱས་ན་དུས་ཚོད་ཀྱང་མི་འདུག་ལ་དོན་དག་གཅིག་པ་ཡིན་པས་སང་ཉིན་སྒྲོན་དཀར་གྱི་ཆོ་གའི་སྒོ་ནས་ཆབས་ཅིག་ལ་བྱ་རྒྱུ་ཡིན། ཁྱོད་རང་ཚོ་ཚང་མས་གཙོ་བོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་ཐོག་ནས་ཐུགས་སྨོན་མཚམས་སྦྱོར་གནང་ན་ཡག་པོ་ཡོད་པ་རེད། དེ་ལྟར་དགོངས་པ་བཞེས་དགོས། ཞེས་བཀའ་ཕེབས་རྗེས་གནས་མཆོག་རྡོ་རྗེ་གདན་གྱི་བཀའ་ཆོས་གནང་སྒོ་ལེགས་པར་མཇུག་གྲུབ།