19
Fri, Apr

༢༠༡༨ལོའི་ཟླ༡༢ཚེས་༢༤ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྡོ་རྗེ་གདན་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བའི་ནང་བཀའ་ཁྲིད་གནང་བཞིན་པ། པར། རྒྱལ་བ་རིན་པོ་ཆེ་དྲ་རྒྱ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ ཟླ་ ༡༢ ཚེས་ ༢༤ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྡོ་རྗེ་གདན་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བའི་ནང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་གནང་ཡོད་པ་དང་དེར་བླ་ཆེན་ཁག་དང་དགེ་འདུན་པ། དེ་བཞིན་འཛམ་གླིང་རྒྱལ་ཁབ་མི་འདྲ་བ་མང་པོ་ནས་ཕེབས་པའི་ཆོས་ཞུ་བ་ཁྲི་ཕྲག་ཁ་ཤས་འཛོམས་ཡོད་འདུག

༧གོང་ས་མཆོག་གིས་ཐོག་མར་གསུང་དོན། བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་ང་ཚོ་ལྷན་འཛོམས་བྱུང་བ་ཧ་ཅང་གི་སྐལ་བ་བཟང་པོ་རེད་ཅེས་གསུངས་པ་དང་། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་སྨོན་ལམ་རྒྱག་པ་གཅིག་པོ་མ་ཡིན་པ་བཅོམ་ལྡན་འདས་ཁོ་རང་གིས་ཀྱང་ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་སྟེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བ་མཛད། ཅེས་སངས་རྒྱས་ཀྱི་བཀའ་ལུང་འདྲེན་མཛད་ནས་ནང་པ་སངས་རྒྱས་པའི་ཆོས་འདི་དམིགས་བསལ་མི་འདྲ་བའི་ཁྱད་ཆོས་ཡོད་སྐོར་སོགས་དང་།

དེ་ནས་བདེན་བཞི་སྐོར་ངོ་སྤྲོད་ཟབ་ཅིང་རྒྱ་ཆེན་བ་གནང་སྟེ་ངེད་རང་གིས་ཆོས་ལུགས་ཚང་མ་ལ་གུས་པ་བྱེད་ཀྱི་ཡོད་པ་དང་། ཆོས་ལུགས་ལ་དད་པ་དང་གུས་པ་གཉིས་ཡོད་པ་ལས་རང་གི་ཆོས་ལུགས་ལ་དད་པ་དང་གཞན་གྱི་ཆོས་ལུགས་ལ་གུས་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་མཚམས། ཆོས་ལུགས་མི་འདྲ་བའི་རྒྱུ་མཚན་དུ་བྱེད་ནས་འཛིང་རེས་བྱེད་པ་འཁྲུག་རྩོད་བྱེད་པ་ནི་ཧ་ཅང་ཐབས་སྐྱོ་པོ་རེད་འདུག་པས། ཆོས་ལུགས་ཚང་མ་མཐུན་ལམ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་སྔོན་འགྲོའི་གསུང་ཆོས་གནང་ཡོད་པ་དང་། ཆོས་ཞུ་བ་ཡོངས་ལ་དེ་རིང་ནས་བཟུང་བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བ་སྒོམ་རྒྱུ་ཁས་ལེན་བྱེད་དགོས་གསུངས་ཡོད་པ་དང་བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བ་དུས་ཡུན་རིང་པོ་སྒོམ་ན་ཧ་ཅང་སེམས་ལ་འགྱུར་བ་ཆེན་པོ་ཡོང་གི་རེད་ཅེས་ཐུགས་བརྩེ་བ་ཆེན་པོས་བཀའ་སྩལ་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༤ ནས་ ༢༥ བར་རྒྱ་གར་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བ་ནས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང་། ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོ་རུ་གནང་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་(མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་རྣམ་རྩ་)འཕྲོ་སྐྱོང་།

ཚེས་ ༢༦ ཉིན་འཇིགས་བྱེད་དཔའ་གཅིག་གི་བཀའ་དབང་།

ཚེས་ ༢༨ ནས་ ༣༠ བར་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་སྩལ་རྒྱུ་དང་།

ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་དང་། རྣམ་རྒྱལ་གྲྭ་ཚང་། ཤེལ་དཀར་ཆོས་སྡེ་མངའ་ཞབས་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་དྲ་རྒྱ་བརྒྱུད་ཐད་གཏོང་ཞུ་རྒྱུ་དང་། གསུང་ཆོས་རིང་རྒྱ་སྐད། ཝེ་དི་ནམ་གྱི་སྐད། ཧིན་སྐད། ར་ཤཱི་ཡའི་སྐད། སོག་སྐད། ཉི་ཧོང་སྐད། སི་པིན་ནེ་ཤཱི་ཡའི་སྐད། ཧྥ་རན་སིའི་སྐད། ཨི་ཊ་ལའི་སྐད་བཅས་སུ་གསུང་བསྒྱུར་གྱིས་བརྒྱུད་ལམ་སོ་སོ་ནས་གསན་གཟིགས་ཐུབ་པ་ཡིན་འདུག