16
Wed, Jan
33 New Articles

༢༠༡༨ལོའི་ཟླ་༡༢ཚེས་༡༩ཉིན་༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་སྐབས་སུ།

བཙན་བྱོལ་གྱི་གསར་འགྱུར།
Typography

ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་གཞུང་ལུགས་རབ་འབྱམས་པ་སློབ་གཉེར་གནང་སྟེ་དབང་རྟུལ་དད་པའི་རྗེས་འབྲང་ལྟར་མིན་པར་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཐོག་ནས་འགྲོ་ཐུབ་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་འདི་འབྱུང་འགྱུར་ལོ་ངོ་བརྒྱ་ཕྲག་རིང་གནས་ཐུབ་རྒྱུ་དང་། གལ་ཏེ་དེ་ལྟར་མིན་པར་དད་པ་ཙམ་གྱི་རྗེས་སུ་ཕྱིན་པ་ཡིན་ན། བསྟན་པ་དེ་ཙམ་ཡུན་རིང་པོ་གནས་ཐུབ་རྒྱུ་མིན་སྐོར་སོགས་༸གོང་ས་མཆོག་གིས་བཀའ་སློབ་བསྩལ།

༢༠༡༨ལོའི་ཟླ༡༢ཚེས་༡༩ཉིན། རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཀིརྟི་བསམ་ཡས་སྒར་དུ་ཀིརྟི་བྱེས་པ་གྲྭ་ཚང་དང་ཀིརྟིའི་དགེ་རྩ་ཚོགས་པ་ཐུན་མོང་ནས་གོ་སྒྲིག་ཞུས་པའི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་ཆོས་བརྒྱུད་དང་། སེར་སྐྱ་ཕོ་མོ་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་གཟབ་རྒྱས་ངང་དབུ་འཛུགས་མཛད་འདུག

དེ་ཡང་རྒྱ་གར་ནང་པའི་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག ཞྭ་སེར་བསྟན་པའི་གཙུག་རྒྱན་དགའ་ལྡན་ཁྲི་ཐོག་ ༡༠༤ རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་གཙོས་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་དང་། གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག དེ་བཞིན་བྱེས་ཀྱི་གདན་ས་ཆེན་པོ་གསུམ་དང་རྒྱུད་གྲྭ་སྟོད་སྨད་སོགས་ཀྱི་མཁན་ལས་ཟུར་རྣམ་པ། རྙིང་མ་དང་ས་སྐྱ། བཀའ་བརྒྱུད། གཡུང་དྲུང་བོན་བཅས་ཀྱི་དགེ་བཤེས་དང་མཁས་དབང་། དགེ་འདུན་པ་བཅས་ཚང་འཛོམས་གནང་ཡོད་འདུག

ཐོག་མ་དེར་༸གོང་ས་མཆོག་གིས་ཀིརྟི་བསམ་ཡས་སྒར་གྱི་རྨང་རྡོར་རབ་གནས་བཀའ་དྲིན་བསྐྱངས། དེ་ནས་བཞུགས་གྲལ་དུ་འཁོད་མཚམས་མཛད་རིམ་གྱི་ཐོག་མར་ཀིརྟི་དགོན་པའི་དབུ་བླ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། བགྲོ་གླེང་ངོ་སྤྲོད་ཞུ་དོན། ཕྱི་ལོ་ ༢༠༡༥ ལོར་ཁམས་བྲག་མགོར་དྲང་ངེས་བགྲོ་གླེང་ཐེངས་དང་པོ་ཚོགས་པ་དང་། སྐབས་དེར་མཁས་པའི་དཔྱད་རྩོམ་གྲངས་ ༤༡ བྱུང་བ་དང་། ཕྱི་ལོ་ ༢༠༡༦ ལོར་ཀིརྟི་རིན་པོ་ཆེ་མཆོག་ནས་རེ་འདུན་གནང་བ་ལྟར་མདོ་དབུས་ཁམས་གསུམ་ནས་གནས་སྟངས་ཁག་པོ་ཞིག་གི་འོག་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་དྲང་ངེས་བགྲོ་གླེང་ཐེངས་གཉིས་པ་ཚོགས་ཡོད་སྐོར། སྐབས་དེར་དགེ་ལུགས་དང་རྙིང་མ། ས་སྐྱ། ཇོ་ནང་བཅས་ཕེབས་ཡོད་པ་དང་། སྐབས་དེར་དཔྱད་རྩོམ་གྲངས་ ༢༢ བྱུང་བ། ཐེངས་འདིར་བགྲོ་གླེང་གསུམ་པའི་སྐབས་མཁས་པའི་དཔྱད་རྩོམ་ ༦༢ ཡོད་པ་དང་། ཚོགས་བཅར་བ་སེར་སྐྱ་ཕོ་མོ་ཁྱོན་མི་གྲངས་ ༧༠༠ ལྷག་ཕེབས་ཡོད་སྐོར་ལྷ་སྙན་སྒྲོན་འབུལ་ཞུས།

མཛད་སྒོའི་སྐུ་མགྲོན་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་སྙིང་པོར། ཀིརྟི་རིན་པོ་ཆེས་ཐོག་མའི་འཆར་བགྲོ་གླེང་འདི་རྡ་ས་ཀིརྟི་བྱེས་པ་གྲྭ་ཚང་དུ་ཚུགས་རྒྱུའི་རེ་འདུན་བཏོན་བྱུང་། སྐབས་དེར་ངོས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་ཚུགས་ན་ཞེས་ཞུས་པ་ཡིན། རིན་པོ་ཆེས་ལོ་མང་རིང་བསྟན་འགྲོའི་དོན་དུ་ཐད་ཀར་འབྲེལ་བ་ཡོད་པ་ཕ་ཡུལ་དང་། དེ་བཞིན་དགོན་སྡེ་ཁག་གི་སློབ་གཉེར་ཐོག་ལ་གཟབ་དགོས་པའི་ལམ་སྟོན་གནང་བ་སོགས་ཡག་ཐག་ཆོད་རེད། ཧུར་ཐག་འབད་ཐག་གནང་སོང་། འདིར་ཡང་རྟེན་གཞི་ཆེན་པོ་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད་པ་རེད། འོན་ཀྱང་ཆོས་སྒར་ཟེར་བ་དེ་ཚོའི་གྲས་ཕྱི་ནས་ཁང་པ་ཧ་ཅང་རྫིག་པོ་ཡོད་ཀྱང་ནང་དུ་དེ་ཙམ་མེད་པ་ལྟ་བུ་གཟི་བརྗིད་ཁོག་སྟོང་ཟེར་བ་དེ་ཡོང་མི་སྲིད་པ་ཞིག་མ་རེད། མཚོ་པདྨར་སློབ་དཔོན་གྱི་སྐུ་ཧ་ཅང་ཆེན་པོ་ཞིག་ཡོད། འདིར་རྡོ་རྗེ་གདན་དུ་ཐུབ་དབང་སྐུ་ཧ་ཅང་ཆེན་པོ་ཞིག་ཡོད། སྐུ་འདྲ་དེ་འབྱུང་འགྱུར་ལོ་ངོ་སྟོང་ཕྲག་རིང་བཞུགས་སྲིད་པ་རེད། འོན་ཀྱང་གསུང་བྱོན་རྒྱུ་མེད། ཅེས་དེ་འདྲ་ཤོད་ཀྱི་ཡོད། ཅེས་བཀའ་སློབ་སྩལ་བ་མ་ཟད། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་གཞུང་ལུགས་རབ་འབྱམས་པ་སློབ་གཉེར་བྱེད་དེ་དབང་རྟུལ་དད་པའི་རྗེས་འབྲང་ལྟར་མིན་པར་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཐོག་ནས་འགྲོ་ཐུབ་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་འདི་འབྱུང་འགྱུར་ལོ་ངོ་བརྒྱ་ཕྲག་རིང་གནས་ཐུབ་རྒྱུ་དང་།

གལ་ཏེ་དེ་ལྟར་མིན་པར་དད་པ་ཙམ་གྱི་རྗེས་སུ་ཕྱིན་པ་ཡིན་ན་བསྟན་པ་དེ་ཙམ་ཡུན་རིང་པོ་གནས་ཐུབ་རྒྱུ་མིན་སྐོར་སོགས་བཀའ་སློབ་སྩལ་བ་མ་ཟད། དེ་སྔ་བོད་ནང་གི་གདན་ས་ཁག་གི་ནང་དུ་སོག་པོ་ཆོས་གྲགས་དང་། དངོས་གྲུབ་ཚོགས་གཉིས། སོག་པོ་ཡེ་ཤེས་སོགས་ཐུ་ཝ་དང་བྷུར་ཡ་ཏི། ཁལ་མུག་བཅས་ནང་པའི་ཡུལ་གྲུ་དེ་དག་ནས་སོག་པོའི་དགེ་བཤེས་མཁས་པ་བརྒྱ་ཕྲག་མང་པོ་བྱུང་སྐོར་དང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་ཆོས་དང་ལྟ་གྲུབ་དབྱེ་པ་ཕྱེ་ནས་ནང་པའི་ལྟ་གྲུབ་དེ་སྤྱི་ལ་ཕན་ཐོགས་ཡོད་པ་དང་། ནང་ཆོས་དེ་ནང་པ་རྐྱང་པར་ཕན་ཐོགས་ཡོད་པ་རེད། བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ཡོད་པ་དེ་དག་ནང་པའི་ཚན་རིག་དང་། ལྟ་གྲུབ། དེ་བཞིན་ཆོས་ཕྱོགས་ཀྱི་སྡེ་ཚན་བཅས་དབྱེ་བ་གསུམ་དུ་ཕྱེ་གནང་མཛད་སྐོར་བཀའ་སློབ་བསྩལ།

དེ་བཞིན་དེ་སྔ་ཨ་རི་ཝིན་ཀོན་སིན་མངའ་སྡེའི་ནང་ཚན་རིག་པ་གྲགས་ཅན་ཞིག་གིས་ཐུགས་དམ་སྐོར་ལ་དོ་སྣང་བྱས་པ་མ་ཟད། ད་ཆ་ཨུ་རུ་སུའི་རྒྱལ་ས་མོ་སོ་ཁོའི་ནང་རྟེན་གཞི་བྱས་པའི་ཚན་རིག་པ་ཚོས་ཀྱང་ཐུགས་དམ་ལ་དོ་སྣང་བྱས་ནས་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་རྗེས་༸གོང་ས་མཆོག་ལྡི་ལིར་མཇལ་འཕྲད་སྐབས་མ་འོངས་པར་རྡ་སར་བགྲོ་གླེང་ཞིག་འཚོགས་འདོད་བྱེད་ཀྱི་ཡོད་སྐོར་དང་། དེང་སྐབས་འཛམ་གླིང་ནང་སེམས་ཁམས་རིག་པའི་རྣམ་གཞག་ལ་དོ་སྣང་མ་བྱས་པར་ནང་གི་ཆགས་སྡང་སོགས་ཚུལ་མིན་ཡིད་བྱེད་ཀྱི་བློ་ལ་བརྟེན་ནས་རྙོག་གྲ་ཚང་མ་བཟོ་བཞིན་ཡོད་སྟབས། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ལྟ་གྲུབ་ཐོག་ནས་སེམས་ནང་ཞི་བདེ་ཇི་ལྟར་བསྐྲུན་དགོས་པ་ཆོས་ལུགས་གཞན་ལ་སྨོན་ལམ་བརྒྱག་རྒྱུ་ཙམ་ལས་མེད་ཀྱང་། སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདིས་སེམས་ལ་བཟོ་བཅོས་བཏང་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་མགོ་གནོན་ཐུབ་རྒྱུ་ཡིན་སྐོར་སོགས་ཀྱི་བཀའ་སློབ་སྩལ་རྗེས་བགྲོ་གླེང་དབུ་འཛུགས་མཛད་གནང་འདུག

 

གསལ་བསྒྲགས་ཀྱི་ས་མིག