19
Fri, Apr

སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི ཟླ་ ༡༡ ཚེས་ ༡༩ ཉིན། དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ལས་ཡོངས་ནས། ཚེས་ ༢༢ ཉིན་གུང་ཆུ་ཚོད་ ༡༢ ཐོག་དམ་པ་ཁོང་སྐུ་གཤེགས་པར་མྱ་ངན་གུས་འདུད་དང་སྨོན་ལམ་མཆོད་འབུལ་གནང་འདུག

དེ་ཡང་། སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༥༤ ལོར་མགོ་ལོག་རྡོ་ཡུལ་མཁར་ནང་གོང་མའི་ལྷ་ཁང་སུམ་མདོ་རུ་ཡབ་བློ་ལྡན་ཕུན་ཚོགས་དང་། མ་ཡུམ་ཆོས་འཕགས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་དང་། རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག ཀརྨ་པ་རིག་པའི་རྡོ་རྗེ་མཆོག་སོགས་ནས་ངོས་འཛིན་གནང་བ་བཞིན་ཤར་རྒྱལ་བ་ཀཿཐོག་དགོན་དུ་ཕྱི་ལོ་ ༡༩༨༠ ལོར་ཁྲི་འདོན་མཛད་སྒོ་ཟབ་རྒྱས་གནང་། དེ་རྗེས་སྤྲུལ་སྐུ་ཉི་ཟླ་མཆོག་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག ཀཿཐོག་མཁན་རྒན་རྒྱལ་མཚན་ནོར་བུ་མཆོག ཀཿཐོག་རྨོག་ཚ་རིན་པོ་ཆེ། ཨ་འཛོམས་འབྲུག་པ་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་གིས་ཐུགས་རྒྱུད་ཡོངས་སུ་ཕྱུག་པར་མཛད།

ཕྱི་ལོ་༡༩༩༧ ལོར་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་འབྱོར་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་ཀྱི་སྐུ་མདུན་ནས་དབང་ལུང་གདམས་ངག་མང་པོ་ཞུས་ཤིང་། འཕགས་པའི་གནས་ཆེན་ཁག་ཏུ་སྐུ་མཚམས་ལ་བཞུགས་གནང་བ་དང་། འཛམ་གླིང་ཤར་ནུབ་མང་པོ་ཕེབས་ནས་བསྟན་འགྲོའི་དོན་མཛད་ཡོད། འདི་ལོའི་ཕྱི་ཟླ་ ༡ ནང་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༩ པའི་ཐོག་༸སྐྱབས་རྗེ་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་ཁྲི་འདོན་བྱུང་བ་ནས་ད་བར་མཛད་འཕྲིན་བསྐྱངས་འདུག

དེ་ནས། དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་རྗེས། ཚེས་ ༢༢ ཉིན་གུང་ཆུ་ཚོད་ ༡༢ ཐོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོ་བའི་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་གངས་སྐྱིད་ཚོགས་ཁང་གསར་པའི་ནང་སྨོན་ལམ་གསུང་འདོན་དང་མཆོད་འབུལ་གནང་འདུག

སྐབས་དེར། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསུང་བཤད་གནང་དོན། སྐྱབས་གནས་དགེ་འདུན་གྱི་སྡེ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སྲི་ཞུའི་ལས་བྱེད་རྣམ་པ་དེ་རིང་འདིར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་དགོས་པའི་རྒྱུ་མཚན་མང་ཆེ་བས་གསན་ཡོད་རེད། སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་རེས་གཟའ་ཟླ་བ་ཉིན་བལ་ཡུལ་དུ་གློ་བུར་དགོངས་པ་གཞན་དོན་དུ་གཤེགས་པའི་ཧ་ཅང་བློ་ཕམ་དང་ཡིད་སྐྱོའི་གནས་ཚུལ་བྱུང་འདུག དེར་བརྟེན་དེ་རིང་གི་སྨོན་ལམ་འདིའི་ཐོག་ནས་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པའི་ཚབ་ཞུས་ཏེ་མྱ་ངན་གུས་འདུད་ཞུ་རྒྱུ་དང་། དེ་བཞིན་༸སྐྱབས་རྗེ་དམ་པ་ཁོང་གིས་བླ་བྲང་ཞབས་འབྲིང་པ་རྣམ་པ། སྐུ་ཉེ་ལྟོས་བཅས། དེ་བཞིན་ཕྱི་ནང་དང་གཞིས་བྱེས་གཉིས་སུ་ཡོད་པའི་ཞལ་སློབ། དེ་དང་ཆབས་ཅིག་སྔ་འགྱུར་རྙིང་མའི་འདུས་སྡེ་ཡོངས་ཀྱི་བླ་གྲྭ་སྔགས་གསུམ་ཡོངས་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་སྙིང་ཐག་པ་ནས་ཐུགས་གསོ་གཏིང་ཟབ་ཞུ་ཡི་ཡོད། ཅེས་གསུངས་སོང་།

གཞན་ཡང་། དགོངས་པ་རྫོགས་སྟངས་སྐོར་འདས་མཆོད་གོ་སྒྲིག་ཚོགས་ཆུང་དང་དགོན་པ་ཁག་བཞི་ཙམ་མཉམ་དུ་ཡིག་ཐོག་བཟོས་པ་ཞིག་འདུག་པ་དེའང་སྲིད་ཚབ་མཆོག་གིས་སྙན་སྒྲོན་ཞུས་སོང་།