24
Wed, Apr

རང་ལུས་མེར་སྲེག་གནང་མཁན་རྡོ་པོ་ལགས་ཀྱི་ཆེད་དུ་གཞུང་འབྲེལ་གྱི་མཆོད་འབུལ་སྨོན་ལམ་འཚོག་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༡ཚེས་༩ཉིན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཨ་མདོ་རྔ་པའི་ནང་སླར་ཡང་བོད་མི་གཞོན་སྐྱེས་རྡོ་པོ་ལགས་ཀྱིས་རྒྱ་ནག་གཞུང་ལ་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཞི་བའི་ངོ་རྒོལ་བྱས་ནས་སྐུ་ལུས་མེར་སྲེག་གནང་རྗེས་ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་རྗེས་མཆོད་འབུལ་སྨོན་ལམ་གནང་སོང་།

དེ་ཡང་༢༠༡༨ཟླ་༡༡ཚེས་༤ཉིན། བོད་མདོ་སྨད་རྔ་པ་རྫོང་ཆོས་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་པ་ནས་ཡིན་པ་ཕ་གཅོད་པ་དང་མ་འཕྲིན་ལས་སྐྱིད་གཉིས་ཀྱི་བུ་རང་ལོ་༢༣ཡིན་པ་རྡོ་པོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཞུ་འབོད་སླད་རང་ལུས་མེར་སྲེག་བཏང་སྟེ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས། གསེར་ཞལ་མྱུར་ཏུ་མཇལ་བར་ཤོག་ཅེས་སྐད་འབོད་གནང་མཐར་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས།

བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་༢༠༡༨ཟླ་ ༡༡ ཚེས་༩རེས་གཟའ་པ་སངས་ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག དམ་པ་དེ་ཉིད་ཀྱི་དོན་དུ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་ཆེད་ཕྱི་དྲོའི་ཆུ་ཚོད་༤ནས་དབུས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབ་སྟེ། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན། དེ་བཞིན་མི་མང་། ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་སོང་།