20
Sat, Apr

བོད་རིགས་བསྟན་འཛིན་པདྨ་ལགས་ལ་མཛད་རྗེས་ཅན་གྱི་བུད་མེད་བྱ་དགའ་གནང་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༠ཚེས༣༡ཉིན། རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་སྤྱི་ཚོགས་གཏིང་ཟབ་བདེ་དོན་གྱི་ཚོགས་པ་ཞེས་པས་མཛད་རྗེས་ཅན་གྱི་བུད་མེད་རྣམས་ལ་བྱ་དགའ་གནང་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། དེའི་ཐོག་ལ་བོད་རིགས་བུ་མོ་བསྟན་འཛིན་པདྨ་ལགས་ལ་མཛད་རྗེས་ཅན་གྱི་བུད་མེད་བྱ་དགའ་གནང་ནས་བོད་རིགས་བཙན་བྱོལ་བ་ཞིག་གིས་རྒྱ་གར་སྤོབས་པ་ལྡན་པ་ཞིག་བཟོས་ཡོད་པ་སོགས་ལ་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་བྱས་འདུག

དེ་ཡང་མཛད་རྗེས་ཅན་གྱི་བུད་མེད་བྱ་དགའ་དེ་སྤྱི་ཚོགས་གཏིང་ཟབ་བདེ་དོན་གྱི་ཚོགས་པ་Deep Welfare Organisation་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་པ་དང་། རྒྱ་གར་གྱི་སྤྱི་ཚོགས་དྲང་མཉམ་དང་ནུས་སྟོབས་འཕེལ་རྒྱས་ཀྱི་བློན་ཆེན་གཞོན་པ་སྐུ་ཞབས་ Ramdas Athawale མཆོག་ནས་བསྟན་འཛིན་པདྨ་ལགས་ལ་མཛད་རྗེས་ཅན་གྱི་བུད་མེད་བྱ་དགའ་ཞིག་གནང་ཡོད་འདུག

བུ་མོ་བསྟན་འཛིན་པདྨ་ལགས་ནི་འབྲས་ལྗོངས་ཁུལ་ནས་ཡིན་པ་དང་། གཞི་རིམ་སློབ་སྦྱོང་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཁུལ་དུ་གནང་རྗེས། ཅན་དི་གྷར་དུ་མཐོ་སློབ་ནང་ཞུགས་འདུག དེ་ནས་ཁོང་བཞུགས་སྒར་དྷ་སའི་ཧིཾ་དི་གསར་ཤོག་ཁང་ཞིག་གི་ནང་ལོ་གསུམ་ལྷག་ཕྱག་ལས་གནང་རྗེས། རྩེད་འགྲན་ལ་དམིགས་བསལ་དབྱིངས་སླེབས་ནས་ལྡི་ལིའི་ནང་ཕེབས་ཏེ་རྡོག་རྒྱག་ཁུ་ཚུར་རྩེད་འགྲན་གྱི་སྦྱོང་བརྡར་བྱས་པ་ཞིག་ཡིན་འདུག་པ་དང་། ཁོང་གིས་ཕྱི་ལོ་ ༢༠༡༦ ལོ་ནས་རྒྱ་གར་གྱི་མངའ་སྡེ་སོ་སོའི་རྩེད་འགྲན་ནང་ཞུགས་ཏེ་ཨང་རིམ་དང་པོ་དང་གཉིས་པ། གསུམ་སོགས་བླངས་ཏེ་གསེར་དང་དངུལ་ལི་བཅས་ཀྱི་རྟགས་མ་བཞེས་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ནས་རྒྱལ་སྤྱིའི་རྩེད་འགྲན་ཁག་ནང་མཉམ་ཞུགས་གནང་འགོ་བཙུགས་ཡོད་པ་རེད།