19
Fri, Apr

༸གོང་ས་མཆོག་གིས་ཧི་མ་ཅལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་བཀའ་སློབ་བསྩལ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ ཟླ་ ༡༠ ཚེས་ ༡༥ཉིན། བོད་མིའི་སྒྲིག་འཛུགས་ནས་འདི་ལོ ༢༠༡༨ ལོ་ནི། རྒྱ་གར་གཞུང་མང་གཙོ་གྱུར་བོད་རིགས་གནས་ཡུལ་གྱི་ས་གནས་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལའི(Ridge)ཞེས་པའི་ཐང་ཆེན་དུ་ཧི་མ་ཅལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་ཝར་བྷ་དྷཱ་རཱ་སིང(Virbhadra Singh )མཆོག་དང་།

མངའ་སྡེའི་སྲིད་སྐྱོང་ཨ་ཅཱརྱ་དྷེ་ཝ་ཝེ་རཱ་ཊི་(Acharya Dev Vrat) ལགས། མངའ་སྡེ་གཞུང་གི་འཕྲོད་བསྟེན་དང་ཞིང་ཆུ་འདྲེན་གཏོང་བློན་ཆེན་སྐུ་ཞབས་མ་མཱ་ཧཱན་དྷར་ཐཱན་ཀཱར་( Mahender singh Thakur) ལགས་སོགས་ཕེབས་ཡོད་པ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་ཕེབས་ཏེ་གསུང་བཤད་གནང་ཡོད་འདུག

དེ་ཡང་། ཧི་མ་ཅལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་སྐབས་སུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་ཆགས་ཁག་བཅོ་ལྔའི་བོད་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་ལ་༸ཞབས་སོར་ཐོག་མར་འཁོད་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་དང་བསྟུན་ནས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་བརྙན་འཕྲིན་བརྒྱུད་བཀའ་སློབ་བསྩལ་དོན།

བཀུར་འོས་མངའ་སྡེའི་སྲིད་སྐྱོང་མཆོག་དང་། མཆེད་གྲོགས་ཕོ་མོ་ཡོངས་ལ་ཞུ་རྒྱུར། ངོས་ཀྱིས་དུས་རྒྱུན་དུ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། མངའ་སྡེའི་སྲིད་སྐྱོང་མཆོག་རྣམ་གཉིས་ངོས་ཀྱི་སྤྱི་ཁྱབ་བློན་ཆེན་དང་སྲིད་སྐྱོང་དུ་ངོས་འཛིན་བྱེད་བཞིན་ཡོད། གང་ཡིན་ཞེ་ན་འདས་པ་ལོ་ངོ་ ༥༩ རིང་ངོས་རང་ཧི་མཱ་ཅལ་མངའ་སྡེའི་ནང་བསྡད་པ་ཡིན། ངོས་རང་ཕྱི་ལོ་  ༡༩༦༠ ལོའི་དབྱར་ཁ་ས་གནས་འདིར་འབྱོར་སོང་།  ངོས་ཀྱིས་རང་ཉིད་ཧི་མཱ་ཅལ་མངའ་སྡེ་འདིའི་མི་སེར་ཞིག་ཡིན་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད།

འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་ངོས་རང་ཀང་ར་རྫོང་དུ་བསྡད་པར་སྤྲོ་སྣང་བྱུང་།  ངོས་ནས་ད་བར་རྒྱལ་ཁབ་ཡུལ་གྲུ་ཁག་འདྲ་མིན་ནང་ཕྱིན་པ་དང་། དེ་བཞིན་ཚན་རིག་པ་དང་ཤེས་ཡོན་ཐོག་ཆེད་མཁས་པ་ཚོ་དང་ལྷན་དུ་བགྲོ་གླེང་བྱས་པ་བརྒྱུད་ཉམས་མྱོང་རྣམས་ཕྱོགས་བསྡོམས་བྱེད་སྐབས།  ངོས་ནས་དེ་རིང་ཁ་སང་འཛམ་གླིང་ནང་ཆགས་སྡང་གི་དབང་གིས་སེམས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་ར་འཕྲོད་བྱུང་། དེ་འདྲའི་གནས་སྟངས་སྐབས་སུ་ཆགས་སྡང་གི་བློ་དེ་དག་འཇོམས་པར་བྱེད་པ་ལ་རྒྱ་གར་གྱི་གནའ་བོའི་ལེགས་བཤད་དེ་དག་ཧ་ཅང་དགོས་མཁོ་ཡོད་པ་ཞིག་ཏུ་གྱུར་འདུག་སྙམ། འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་ངོས་ཀྱིས་དུས་རྟག་ཏུ་འགྲོ་བ་མིའི་སེམས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐད་འབད་བརྩོན་བྱེད་བཞིན་ཡོད། འགྲོ་བ་མིའི་སེམས་རྒྱུད་ཀྱི་རིན་ཐང་དེ་དག་དང་པོ་རྒྱ་གར་ནང་གོང་མཐོར་གཏོང་དགོས།

རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་ཇི་ལྟར་བསྐྱར་གསོ་བྱ་རྒྱུ་ཙམ་ཡིན། ང་ཚོས་ཉར་ཚགས་བྱས་པ་དང་ཉམས་ལེན་བྱེད་བཞིན་པའི་ཤེས་བྱ་དེ་དག་རྒྱ་གར་ནས་དར་བ་ཞིག་ཡིན། དེར་བརྟེན་བློའི་རྣམ་བཞག་དང་འབྲེལ་བའི་རྒྱ་གར་གནའ་བོའི་རིག་གཞུང་དེ་དག་རྒྱ་གར་ནང་བསྐྱར་གསོ་བྱེད་རྒྱུ་ལས་སླ་བ་ཡོད།

ལོ་རྒྱུས་ཐོག་ནས་ཧི་མཱ་ཅལ་མངའ་སྡེ་ནང་ལ་ཧོལ་དང་སི་པི་ཏི་ནི་ནང་པ་སངས་རྒྱས་པའི་རྗེས་འབྲང་བ་རེད། ཡུལ་དེའི་མང་ཚོགས་ནས་ཀྱང་རྒྱ་གར་གནའ་བོའི་རིག་གཞུང་ཐོག་སློབ་གཉེར་བྱ་རྒྱུའི་འདོད་པ་ཧ་ཅང་ཆེན་པོ་ཡོད། ས་གནས་དེར་ཚོགས་པ་ཞིག་ཡོད་པ་དེའི་དམིགས་ཡུལ་གཙོ་བོ་ནི། ཧི་མ་ལ་ཡ་རི་རྒྱུད་དུ་ཡོད་པའི་ནང་པའི་དགོན་སྡེ་ཁག་དེ་དག་ནང་པའི་ལྟ་གྲུབ་སྐོར་སློབ་གཉེར་བྱེད་སའི་བསྟི་གནས་ཁང་དུ་བཟོ་སླད་ཡིན། དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་ནང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་མང་པོ་ཡོད། 

མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་མཁྱེན་གྱི་ཡོད། ཉེ་ཆར་ངོས་ཀྱིས་རྒྱ་གར་གཞུང་གི་མཐོ་སློབ་ཁག་གི་འགོ་ཁྲིད་རྣམ་པ་ཚོ་དང་ལྷན་དུ་རྒྱ་གར་གནའ་བོའི་རིག་གཞུང་སླར་གསོ་ཇི་ལྟར་བྱ་རྒྱུའི་སྐོར་བགྲོ་གླེང་བྱས་པ་ཡིན། སྐབས་དེར་ངོས་ཀྱིས་རྒྱ་གར་གནའ་བོ་རིག་གཞུང་དེ་དག་དེང་རབས་རྒྱ་གར་ནང་བསྐྱར་གསོ་བྱེད་རྒྱུའི་དུས་ལ་སླེབ་འདུག ང་ཚོས་དེའི་ཐོག་བྱེད་སྒོ་རིམ་པ་སྤེལ་དགོས། ཐོག་མར་དགེ་རྒན་ཁ་ཤས་ལ་སྦྱོང་བརྡར་སྤྲོད་དགོས། དེ་འདྲའི་སྦྱོང་བརྡར་སྤྲོད་པར་འདིར་རྡ་སར་ཆ་བཞག་ན་ང་ཚོས་ལས་སླ་པོའི་ངང་ནས་གོ་སྒྲིག་བྱེད་ཐུབ། དེ་ལྟར་བྱུང་ན་ང་ཚོས་མངའ་སྡེའི་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུས་པའི་ཆ་ཤས་ཤིག་རེད།

ངོས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་ནང་འཚོ་གནས་བྱེད་བཞིན་པའི་བཙན་བྱོལ་བོད་མིའི་སྟོང་ཕྲག་འགའ་ཤས་ཀྱི་ཚབ་ཞུས་ཏེ་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་མངའ་སྡེ་གཞུང་མང་གཉིས་ལ་སྨོན་ལམ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་བར་ཁོང་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ང་ཚོས་དྲན་བཞིན་ཡོད། ངོས་ཀྱིས་དུས་རྒྱུན་དུ་སྨོན་ལམ་རྒྱག་སྐབས་ཁོང་རྣམ་པ་དྲན་བཞིན་ཡོད།

གཞན་ཡང་ངོས་ཀྱིས་ད་ལྟའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་མངའ་སྡེའི་སྲིད་སྐྱོང་མཆོག་དང་། དེ་བཞིན་བློན་ཆེན་ཁག་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ལས་ཡུན་རིང་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་ལམ་ཡོད། རྒྱ་གར་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཡོད་པའི་མང་གཙོ་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། གནའ་བོའི་རིག་གཞུང་གི་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་ཁབ་ཅིག་ཡིན། རྒྱ་ནག་དང་ཨི་ཇིབ་ཀྱི་གནའ་བོ་རིག་གཞུང་གི་ཁྲོད་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནི།  ཧ་ཅང་སྔོན་ཐོན་ཅན་ཞིག་རེད་བསམ་གྱི་འདུག 

ངོས་རང་རྒྱ་གར་གནའ་བོའི་རིག་གཞུང་སྦྱོང་མཁན་སློབ་མ་ཞིག་ཡིན་པའི་ཆ་ནས་སེམས་ལ་སྤོབས་པ་སྐྱེ་ཡི་འདུག  དེ་བཞིན་རྒྱ་གར་བ་ཚོས་ཀྱང་རང་ལ་རིག་གཞུང་འདི་འདྲའི་ཕྱུག་པོ་ཡོད་པས་སེམས་ལ་སྤོབས་པ་སྐྱེ་དགོས། ཐུགས་རྗེ་ཆེ།།