20
Sat, Apr

༢༠༡༨ལོ་ཟླ་༩་ཚེས་༢༨ཉིན་དབྱིན་ཇི་གྲོས་ཚོགས་འཐུས་མི་རྡ་སར་འཚམས་གཟིགས་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་དོན་ནི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་བོད་པའི་གནས་དོན་གཅིག་པོ་མིན་པ། དེ་ནི་འཛམ་གླིང་གི་གནད་དོན་ཞིག་ཡིན། གང་ཡིན་ཟེར་ན་བོད་ཀྱི་འཁོར་ཡུག་ནི་འཛམ་གླིང་ཐོག་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྷག་པར་དུ་བོད་ཀྱི་ཆུ་ཆེན་ཁག་ནི་འཛམ་གླིང་མི་མང་མང་པོ་དེར་བརྟེན་ནས་ཡོད། རྒྱ་ནག་གིས་བོད་ནང་འཁོར་ཡུག་ལ་གཏོར་བཤིག་གཏོང་བ་ནི་བོད་ཀྱི་འཁོར་ཡུག་ཁོ་ན་གཏོར་བཤིག་གཏོང་བ་ཞིག་མིན་པ། གོ་ལ་ཡོངས་ལ་གནོད་སྐྱོན་བྱེད་པ་ཞིག་རེད། དེར་བརྟེན་མི་ཚང་མ་ལ་འགན་ཡོད་པ་ཞིག་རེད། ཅེས་དབྱིན་ཡུལ་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་གིས་རྡ་སར་འཚམས་གཟིགས་སྐབས་སུ་གསུང་སོང་།

དེ་ཡང་༢༠༡༨ ཟླ་ ༩ ཚེས་ ༢༦ ཉིན་དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་མི་གསུམ་སྟེ་རྙིང་ཞེན་ཚོགས་པའི་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་ Rt Hon TimLoughton མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཁིར་སི་ལའོ་ Hon Chris Law མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀེ་རི་མེ་ཁར་ཐི་ Hon Kerry McCarthy མཆོག གཞན་ཡང་ལྕམ་སྐུ་ཨེ་ལི་ཛད་བྷེ་ཐི་ལུབ་ཊོན་ Elizabeth Loughton ལགས་བཅས་དང་། བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་གྷི་ལོ་རེ་ཡ་མོན་ཊ་གྷོ་མེ་རེ་ Gloria Montgomery ལགས་བཅས་བཞུགས་སྒར་རྡ་སར་ཕེབས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མཇལ་འཕྲད་གནང་ཡོད་པ་རེད།

༢༠༡༨ལོའི་ ཟླ་ ༩ ཚེས་ ༢༨ ཉིན་གྱི་སྔ་དྲོ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམ་པས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་རྗེས། ཕྱི་དྲོ་ཆུ་ཚོད་ ༣:༣༠ ཐོག་གངས་སྐྱིད་ཚོགས་ཁང་གསར་པའི་ནང་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུའི་ལས་བྱེད་རྣམ་པ་། རྡ་ས་ས་གནས་འགོ་འཛིན་སོགས་ལ་གསུང་བཤད་གནང་། ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་དོན། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁིར་སི་ལའོ་མཆོག་ས་ཐག་རིང་བའི་དབྱིན་ཡུལ་ནས་བཞུགས་སྒར་རྡ་སར་ཕེབས་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམ་པས་ལོ་མང་རིང་བོད་དོན་ཆེད་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པས་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་ནག་གི་སྟོབས་ཤུགས་ལ་བརྟེན་ནས་བོད་ནང་སྨྲ་བརྗོད་ཀྱི་རང་དབང་མེད་ནའང། བོད་ཀྱི་ཕྱི་ལོགས་སུ་མང་གཙོ་དང་རང་དབང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་སོགས་ལ་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་གྷི་ལོ་རེ་ཡ་མོན་ཊ་གྷོ་མེ་རེ་ལྟ་བུ་འདིར་ཕེབས་པ་དེས་དུས་རྟག་ཏུ་བོད་ཀྱི་རྩ་དོན་ཆེད་གླེང་སློང་གནང་གི་ཡོད་པའི་བརྡ་ལན་གསལ་པོ་ཞིག་རྒྱ་ནག་གཞུང་ལ་བཏང་བ་རེད། སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་བོད་མིར་རྒྱབ་སྐྱོར་གནང་བ་ཙམ་མིན་པར་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་ཞིག་ཡིན་སྐོར་བཀའ་སློབ་སྩལ་ཡོད། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཛ་དྲག་པོ་ཞིག་ཐོག་གནས་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད། དཔལ་འབྱོར། ཁོར་ཡུག་སོགས་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།

དེ་རྗེས་དབྱིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་གིས། ད་ལྟའི་ཆར་དབྱིན་ཡུན་ཡུ་རོབ་སྤྱི་མཐུན་ཚོགས་པ་ནས་ཕྱིར་འཐེན་གནང་ཐབས་བྱེད་བཞིན་པ་དང་། དེར་བརྟེན་དབྱིན་ཡུལ་ནང་ཆབ་སྲིད་ཀྱི་གླེང་ཕྱོགས་མ་མཐུན་པའི་རྐྱེན་གྱིས་ནང་ཁུལ་ལ་མཐུན་སྒྲིལ་དེ་ཙམ་མེད་ཀྱང་། ང་ཚོས་བོད་ཀྱི་འཐབ་རྩོད་དང་། བོད་ཀྱི་རྩ་དོན། བོད་རྒྱ་ཆེའི་མི་མང་ཆེད་དུ་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན། ཞེས་གསུང་།

ཁོང་གིས་མུ་མཐུད་ནས་བོད་ཀྱི་གནད་དོན་ནི་ང་ཚོ་ཚང་མའི་གནས་དོན་ཞིག་ཡིན་པ་དང་། ད་ལྟར་བོད་དོན་ནི་རྒྱལ་སྤྱིའི་ཐོག་ལ་རྒྱབ་སྐྱོར་ཐོབ་གྱི་ཡོད་པ་དང་བོད་དོན་ནི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་བོད་པའི་གནད་དོན་གཅིག་པོ་མིན་པ། དེ་ནི་འཛམ་གླིང་གི་གནད་དོན་ཞིག་ཡིན། གང་ཡིན་ཟེར་ན་བོད་ཀྱི་འཁོར་ཡུག་ནི་འཛམ་གླིང་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྷག་པར་དུ་བོད་ཀྱི་ཆུ་ཆེན་ཁག་ནི་འཛམ་གླིང་མི་མང་མང་པོ་དེར་བརྟེན་ནས་ཡོད། རྒྱ་ནག་གིས་བོད་ནང་འཁོར་ཡུག་ལ་གཏོར་བཤིག་གཏོང་བ་ནི་བོད་འཁོར་ཡུག་ཁོ་ན་གཏོར་བཤིག་གཏོང་བ་ཞིག་མིན་པ། གོ་ལ་ཡོངས་ལ་གནོད་སྐྱོན་བྱེད་པ་ཞིག་རེད། དེར་བརྟེན་མི་ཚང་མ་ལ་འགན་ཡོད་པ་ཞིག་རེད། ང་ཚོས་དྲང་བདེན་ལ་རྒྱབ་སྐྱོར་བྱེད་ནས་རྒྱ་ནག་ལ་དེ་ལྟར་བྱེད་མི་ཆོག་ལབ་དགོས། དབྱིན་ཡུལ་ནང་དུ་ཡིན་ན་ཡང་། རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་བྱེད་མཁན་ཚོ་བོད་དོན་ཐོག་གླེང་སློང་བྱེད་ཆོག་གི་མེད། གླེང་སློང་བྱེད་ན་ཚོང་འབྲེལ་ཡོང་གི་མེད། འོན་ཀྱང་ཁོ་ཚོས་རྒྱ་ནག་གི་གང་བཤད་པ་ཉན་ན། ཁོ་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རུལ་གཏོང་གི་ཡོད་རེད། དེར་བརྟེན་དེ་འདྲ་བྱེད་མི་རུང་། ང་ཚོ་ཉིན་ཁ་ཤས་རིང་རྡ་སར་སླེབས་ནས་ཁྱེད་ཚོར་གདུང་སེམས་མཉམ་སྐྱེ་བྱེད་དུ་ཡོང་བ་དང་། རྒྱ་ནག་ལ་ཁྱེད་ཚོ་བྱེད་སྟངས་དེ་འགྲིག་གི་མིན་འདུག་ཅེས་བརྡ་ལེན་གཏོང་བ་ཡོང་བ་ཡིན། བོད་མི་རྣམས་ལ་རང་དབང་ཐོབ་འོས་པ་ཞིག་རེད། ཞེས་གསུང་སོང་།

དེ་རྗེས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁིར་སི་ལའོ་མཆོག་གིས། “ང་བཞུགས་སྒར་རྡ་སར་ཐེངས་ཁ་ཤས་སླེབས་མྱོང་ཡོད། ཕྱི་ལོ་ ༡༩༩༢ ལོར་ང་ཐེངས་དང་པོ་བཞུགས་སྒར་རྡ་སར་ཡོང་བ་ཡིན། དུས་དེ་ནས་བཟུང་ངས་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་འགོ་བཙུགས་པ་ཡིན། འཛམ་གླིངམི་མང་གིས་ཁྱེད་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ Reciprocal Access to Tibet Act གཏན་འབེབས་གནང་བ་བཞིན་ང་རང་ཨིན་ཡུལ་ལ་ཕྱིར་ལོག་རྗེས་དབྱིན་ཡུལ་གྲོས་ཚོགས་ནང་དུའང་དེའི་སྐོར་བགྲོ་གླེང་བྱེད་ཐུབ་པའི་འབད་བརྩོན་ཞུ་རྒྱུ། ཞེས་གསུངས།