19
Fri, Apr

༢༠༡༨ལོའི་ཟླ་༩་ཚེས་༢༦་ཉིན་ཡུ་རོབ་ཁག་གི་མཛཨད་འཕྲིན་ལེགས་པར་གྲུབ་ཏེ་བཞུགས་སྒར་དུ་ཞབས་སོར་བདེ་བར་བཀོད།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༩ཚེས་༢༦ཉིན། སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཟླ་ཕྱེད་ཅིག་གི་རིང་དུ་ཡུ་རོབ་རྒྱལ་ཁབ་སི་བེ་ཌིན། ནེ་ཌིར་ལན་ཌི། འཇར་མན། སུད་སི་བཅས་རྒྱལ་ཁབ་ཁག་བཞི་ནས། ཚན་རིག་པ་དང་ལྷན་དུ་བགྲོ་གླེང་། དད་ལྡན་དང་སློབ་མ་ཚོར་མཇལ་འཕྲད། བཟང་སྤྱོད་དང་ཤེས་ཡོན་སྐོར་གྱི་བཀའ་སློབ། ད་དུང་གསུང་ཆོས་བཅས་ཀྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་ཏེ་བཞུགས་སྒར་དུ་ཞབས་སོར་བདེ་བར་བཀོད།

དེ་ཡང་། ༢༠༡༨ལོའི་ཟླ་༩་པའི་ཚེས་ ༡༠ ཉིན། སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་བཞུགས་སྒར་ངྷ་ས་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་ཆིབས་སྒྱུར་བསྐྱངས་ཤིང་། ཚེས་༡༢་ཉིན། སི་བེ་ཌིན་རྒྱལ་ཁབ་དུ་བདེ་འབྱོར་བྱུང་སྟེ། མལ་མའོ་གྲོང་ཁྱེར་དུ་ཨ་ཡེ་ཨེམ་(Individuell Människohjälp (IM))ཞེས་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མལ་མའོ་ལེ་ཧྥུ་(Malmö Live)ཞེས་པའི་ཚོགས་ཁང་དུ། ཞི་བདེ་དང་བདེ་སྐྱིད་སྒྲུབ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་བསྩལ་བ་དང་། ཚེས་ ༡༣ ཉིན། སི་བེ་ཌིན་མལ་མོ་མཐོ་སློབ་དགེ་ལས་སློབ་ཕྲུག་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་བཀའ་སློབ་བསྩལ། ཚེས་༡༥ཉིན། ནེ་ཌིར་ལན་ཌིའི་རྒྱལ་ས(Amsterdam)ཨ་མོ་སི་ཊམ་ནས། ཡུ་རོབ་རྒྱལ་ཁབ་ཁག་ནས་ཕེབས་པའི་ཚན་རིག་པ་དང་ཆེད་མཁས་པ་རྣམས་ལ་མཇལ་འཕྲད་གནང་སྟེ། ལོ་ངོ་སུམ་སྟོང་གི་ལོ་རྒྱུས་ལྡན་པའི་རྒྱ་གར་གྱི་གནའ་བའི་ཤེས་རིག་གིས་འགྲོ་བ་མིའི་ནང་སེམས་ཀྱི་ཐད་ལ་ཞབས་འདེགས་རླབས་པོ་ཆེ་བསྐུན་ཡོད་སྐོར་གསུངས་ཏེ། གནའ་བའི་ཤེས་རིག་དེར་གུས་བརྩི་དང་བསྔགས་བརྗོད་གནང་། ཚེས་ ༡༦ ཉིན་གྱི་སྔ་དྲོར། ནེ་ཌིར་ལན་ཌི་རྒྱལ་ཁབ་གྲོང་ཁྱེར་རོ་ཊིར་ཌམ་ནས་དཀའ་རྙོག་ཆེ་བའི་འཛམ་གླིང་ནང་ཅིའི་ཕྱིར་སྙིང་རྗེ་དགོས་གལ་ཆེ་བ་ཡིན་ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་བསྩལ། ཚེས་ ༡༧ ཉིན། ནེ་ཌིར་ལན་ཌིའི་གྲོང་ཁྱེར་རོ་ཊིར་ཌམ་ནས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་གནང་།

ཚེས་ ༡༩ ཉིན་གྱི་སྔ་དྲོར། འཇར་མན་གྱི་ཌར་མ་སུ་ཊ་ཊྲི་གྲོང་ཁྱེར་དུ་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སུད་སི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་གཉིས་ཀྱིས་གོ་སྒྲིག་ཞུས་པའི་འཚེ་བ་མེད་པ་དང་ཞི་བདེ་ཞེས་པའི་ཚོགས་འདུར་དབུ་བཞུགས་གནང་ཞིང་། སྐབས་དེར། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་པོ་ལེན་ཡུལ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལེག་ཝ་ལེ་ས་ (Lech Welesa)མཆོག་དང་། དེ་སྔ་པོ་ལེན་ཡུལ་དུ་དམར་ཤོག་ཚོགས་པ་མགོ་རྟིང་སློག་མཁན་ཆིག་སྒྲིག་ལས་འགུལ་ཚོགས་པའི་ (Solidarnosch) ཚོགས་མི་དང་། རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་ལས་འགུལ་ཚོགས་པའི་ཚོགས་གཙོ་ནོ་བེལ་ཞི་བདེའི་གཟེངས་རྟགས་༼༢༠༡༧༽ ཐོབ་མྱོང་མཁན་ལྕམ་སྐུ་རེ་བྷེ་ཀ་ཇོན་སོན་(Rebecca Johnson )མཆོག་བཅས་ལྷན་འཛོམས་ཐོག འཚེ་མེད་ཞི་བའི་ཐབས་ལམ་སྐོར་ལ་བགྲོ་གླེང་གནང་སྟེ། དཀའ་རྙོག་སེལ་བའི་ཐབས་ལམ་ཡག་ཤོས་དེ་ནི་འཚེ་མེད་ཞི་བའི་ལམ་ཡིན་པའི་སྐོར་ཀུན་གྱིས་གསུངས།

ཚེས་ ༢༠ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་སུད་སིའི་གྲོང་ཁྱེར་ཛུ་རིག་ནང་ཞབས་སོར་བདེ་བར་འཁོད་ཅིང་། ཕྱི་ཚེས་༢༡ དང་ ༢༢ ཉིན་གྱི་སྔ་དྲོར། སུད་སིར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་གསར་བཞེངས་གནང་སྟེ། ལོ་ངོ་ ༥༠ འཁོར་བའི་མཛད་སྒོའི་ཐོག་དབུ་བཞུགས་མཛད་པ་དང་། སུད་སིའི་རྒྱལ་ཡོངས་བརྙན་འཕྲིན་ཚན་པ་ཞིག་གི་གསར་འགོད་པའི་དྲི་བར་བཀའ་ལན་མཛད། དེ་ནས། ཕྱི་ཚེས་༢༣ ཉིན་གྱི་སྔ་དྲོར། སུད་སི་ཛི་རིག་གྲོང་ཁྱེར་དུ་རི་ཀོང་ཆོས་འཁོར་དགོན་དང་སུད་སི་དང་། ལེག་ཏེན་སིཊ་ཡན་བོད་རིགས་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཛུ་རིག་ཧ་ལེན་སཊ་ཌི་ཨོན་ (Zurich Hallenstadion) ཚོགས་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་མཆོག་གིས་མཛད་པའི་བསྒོམ་རིམ་བར་པ། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་བསྩལ་ཞིང་། སུད་སིར་གནས་སྡོད་བོད་རིགས་རྣམས་ལ་མཇལ་ཁ་དང་བཀའ་སློབ་ཡང་བསྩལ། ད་དུང་། ཚེས ༢༤ ཉིན་གྱི་སྔ་དྲོར། ཛུ་རིག་གི་ཚན་རིག་མཐོ་སློབ་ཏུ་འགྲོ་བ་མི་སྤྱིའི་བཟང་སྤྱོད་དང་ཤེས་ཡོན་སྐོར་གྱི་བགྲོ་གླེང་ཐོག་དབུ་ཞུགས་མཛད་པ་བཅས་སོ། །

གཞན་ཡང་། རྒྱལ་བ་རིན་པོ་ཆེའི་དྲ་རྒྱའི་སྟེང་བཀོད་པའི་མཛད་འཆར་ལྟར་ན། ཟླ་ ༡༠ པའི་ཚེས་ ༣ ནས་ ༦ བར་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་རྡ་རམ་ས་ལར་ཉིན་གྲངས་བཞིའི་རིང་ལོ་སྔོན་མར་གནང་བའི་དབུ་མ་འཇུག་པའི་གསུང་ཆོས་ཀྱི་མཇུག་སྐྱོང་མཛད་རྒྱུ་དང་། ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་གི་སྔ་དྲོ་མ་ན་ལི་རུ་ཡོད་པའི་འོན་མངའ་རིས་དགོན་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དགོན་པ་དེ་གར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་བཅས་ཀྱི་གསུང་ཆོས་བཀའ་དྲིན་རྒྱུ་དང་། ཚེས་ ༡༤ ཉིན་ཚེ་དབང་བཀའ་དྲིན་སྩལ་རྒྱུ། ཡིན་འདུག