18
Thu, Apr

ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་སུ་སྲིད་སྐྱོང་མཆོག་གིས་གནང་བའི་གསུང་བཤད།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ ཟླ་ ༩ ཚེས་ ༡༣་ཉིན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་སྟེང་གནང་བའི་གསུང་བཤད། དེ་རིང་འདིར་ཆར་པ་རྒྱག་སྟངས་ལ་བལྟས་ན། བོད་པའི་འགྲོ་ལུགས་ལྟར་རྟེན་འབྲེལ་བཟང་པོ་ཞིག་ཆགས་པའི་རྣམ་པ་གསལ་པོ་ཞིག་འདུག ཞེས་ཞུ་རྒྱུ་ཡིན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས་སྐྱབས་ནས་དགེ་འདུན་གྱི་སྡེ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་པའི་རྒྱུན་ལས་རྣམ་པ། ཁྲིམས་ཞིབ་པ་ཆེ་བ་མཆོག འདེམས་བསྐོ་ལྷན་ཁང་གི་འགན་འཛིན། རྩིས་ཞིབ་ལྷན་ཁང་གི་འགན་འཛིན། ལས་ཁུངས་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྐུ་ཚབ་རྣམ་པ་ཚང་མར་འདིར་ཚོགས་འདུའི་ཐོག་བདེ་ཐང་ངང་འབྱོར་བར་ཐོག་མར་ངས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ལྔ་དང་ལྔ་བཅུའི་འཆར་སྣང་གི་ཚོགས་འདུ་རིམ་པ་ཚོགས་བཞིན་ཡོད། གཞི་རྩའི་ལྔ་དང་ལྔ་བཅུ་ཞེས་བྱུང་དགོས་དོན་ནི་ལོ་ལྔ་དང་ལོ་ལྔ་བཅུ་ཞེས་ཟེར་གྱི་ཡོད། གང་ཡིན་ཟེར་ན། མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ལམ་སྟོན་ཕེབས་པ་བཞིན། རེ་བ་ཡག་ས་ནས་རྒྱག་དགོས་རེད། ཡིན་ནའང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས། ང་ཚོས་ལོ་ལྔ་བཅུའི་ནང་དབུ་མའི་ལམ་གཞིར་བཞག་པའི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་ཇི་ལྟར་ཐོབ་ཐུབ་བམ་ཞེས་པའི་ཐོག་ལ་འབད་བརྩོན་བྱེད་རྒྱུ་རེད། དེ་དང་མཉམ་དུ་ལོ་ལྔ་བཅུའི་འཆར་གཞི་དགོས་ཀྱི་འདུག་ཅེས་བརྗོད་དུས་བཙན་བྱོལ་ནང་ལོ་ལྔ་བཅུ་གནས་དགོས་པ་དང་གནས་དགོས་ངེས་ཡིན་པ་བཤད་ཀྱི་མེད། གནས་དགོས་བྱུང་ན་ལོ་ལྔ་བཅུའི་འཆར་གཞི་དགོས་ཀྱི་རེད། ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་བཀའ་ཤག་ནང་ལ་བཀའ་བསྡུར་རིམ་པ་གནང་སྟེ། ལོ་ལྔ་དང་ལྔ་བཅུ་ཞེས་འཆར་གཞི་རིམ་པར་བརྟིང་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པ་དང་། བོད་པའི་གྲོགས་པོ་རྙིང་པ་དང་། རྒྱབ་སྐྱོར་གནང་མཁན། དེ་བཞིན་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་ཚང་མ་ས་ཆ་གཅིག་ལ་འཛོམས་ཏེ་ལོ་ལྔ་དང་ལོ་ལྔ་བཅུའི་ནང་ཚུད་ལ་གང་གནང་དགོས་ཀྱི་ཡོད་མིན་ཐད་ཚོགས་འདུ་ཞིག་བསྐོང་དགོས་ཀྱི་འདུག་ཅེས་ཕྱི་ལོ ༢༠༡༧ ཟླ་ ༡༠ ནང་ཚོགས་འདུ་བསྐོང་བ་རེད །

སྐབས་དེ་དུས་མང་ཆེ་བ་ཆབ་སྲིད་དང་འབྲེལ་ནས་དབུ་མའི་ལམ་གཞིར་གཞག་པའི་ཐོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ག་འདྲ་རེག་ཐུབ་ཀྱི་རེད། རྒྱ་ནག་ནང་ལ་འགྱུར་ལྡོག་ཇི་ལྟར་འགྲོ་སྲིད་ཀྱི་རེད། བོད་ནང་ལ་ད་ལྟའི་གནས་སྟངས་དང་མ་འོངས་པར་གནས་སྟངས་ག་འདྲ་ཡོང་རྒྱུ་ཡིན། རྒྱ་གར་ནང་ད་ལྟའི་གནས་སྟངས་ག་འདྲ་ཡོད་པ་དང་མ་འོངས་པར་ག་འདྲ་ཡོང་རྒྱུ་ཡིན། རྒྱལ་སྤྱིའི་ཐོག་ནས་ང་ཚོས་ལས་འགུལ་གང་སྤེལ་རྒྱུ་ཡོད། བོད་དོན་སླད་རྒྱབ་སྐྱོར་ཤུགས་ཆེ་རུ་ཇི་ལྟར་གཏོང་རྒྱུ་ཡིན། དེ་དག་ཚང་མ་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་ཚོགས་འདུ་མང་པོ་ཚོགས་རྗེས་དགོངས་ཚུལ་མང་པོ་བྱུང་བའི་ནང་དགོངས་ཚུལ་ཤུགས་ཆེ་ཤོས་དེ་ལྔ་དང་ལྔ་བཅུའི་འཆར་སྣང་གཞིར་གཞག་པའི་ཐོག་ནས་ཆབ་སྲིད་ཀྱི་སྐོར་ལ་ཚོགས་འདུ་ཚོགས་པ་བཞིན་ང་ཚོའི་མ་འོངས་སོན་རྩ་གཞོན་སྐྱེས་དང་འབྲེལ་བའི་ཐོག་ནས་ཚོགས་འདུ་འཚོགས་དགོས་ཀྱི་འདུག ཅེས་དགོངས་ཚུལ་བྱུང་ཡོད་པ་ལྟར་འདི་ལོ་ཕྱི་ཟླ་ ༨ པའི་ནང་ལ་འཛམ་གླིང་གི་ལུང་པ་བཅོ་ལྔ་ནས་བོད་པའི་གཞོན་སྐྱེས་བརྒྱ་ཐམ་པ་ལྷན་འཛོམས་ཐོག་གཞོན་སྐྱེས་རང་ཉིད་ཐོག་ནས་བོད་ཀྱི་རྩ་དོན་དང་། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་མི་ཉམས་གོང་འཕེལ་གྱི་ཆེད་དུ་གང་གནང་རྒྱུ་ཡིན་སྐོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་གང་གནང་རྒྱུ་ཡིན་སྐོར་ཐོག་བཀའ་བསྡུར་རིམ་པ་བྱུང་བ་གཞིར་བཟུང་དགོངས་ཚུལ་གང་ཙམ་ཞིག་ཕེབས་ཡོད། སྔ་ལོ་ཕྱི་ཟླ་ ༡༠ ནང་ཆབ་སྲིད་ཀྱི་ཚོགས་འདུ་ཚོགས་སྐབས་རིག་གཞུང་དང་། ཤེས་ཡོན། དཔལ་འབྱོར། དེ་བཞིན་འཕྲོད་བསྟེན་བཅས་ཀྱི་ཐོག་ནས་གང་གནང་རྒྱུ་ཡོད་སྐོར་ཐད་ང་ཚོས་དགོངས་ཚུལ་ཞིག་བསྡུ་ནས་ལྔ་དང་ལྔ་བཅུའི་འཕྲལ་ཕུགས་གཉིས་ཀའི་ཐོག་ང་ཚོས་དགོངས་པ་བཞེས་རྒྱུ་དང་། འཆར་གཞི་བརྟིང་རྒྱུའི་ཐད་ཕན་ཐོགས་ཡོང་རྒྱུ་རེད།

ད་ཐེངས་ཚོགས་འདུ་འདི་རིག་གཞུང་དང་། ཤེས་ཡོན། དཔལ་འབྱོར། འཕྲོད་བསྟེན་བཅས་ཀྱི་ཐོག་ལ་བཀའ་བསྡུར་གནང་རྒྱུ་དེ་ཆགས་ཡོད། དེའི་ཐོག་བཀའ་བསྡུར་གནང་བ་གཞིར་བཟུང་འགའ་ཤས་ཀྱི་དགོངས་ཚུལ་ལ་ན་ནིང་ལོར་ལྔ་དང་ལྔ་བཅུའི་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་ཚོགས་འདུ་ཚོགས་སོང་། ཚོགས་བཅར་བའི་ནང་ལ་གནད་ཡོད་མི་སྣ་མང་པོ་ཕེབས་སོང་། བཀའ་བསྡུར་རིམ་པར་མང་པོ་བྱུང་སོང་སྟེ་གྲུབ་འབྲས་གང་ཡང་མཐོང་རྒྱུ་མི་འདུག་ཞེས་གསུང་མཁན་ཁ་ཤས་ཡོད། བཀའ་ཤག་གི་ཐོག་ནས་བཀའ་བསྡུར་རིམ་པ་བྱུང་ཡོད། ན་ནིང་ཕྱི་ཟླ་ ༡༠ ནང་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་ཚོགས་འདུའི་ནང་ལ་དགོངས་ཚུལ་བྱུང་པ་ཆ་ཚང་གཅིག་དང་། དེ་ནས་གལ་ཆེ་བ་སྙིང་བསྡུས་ཤིག་བཅས་དེ་དག་ཚང་མའི་ཐོག་བཀའ་བསྡུར་བྱུང་བ་དེ་མི་མང་ལ་འགྲེམས་སྤེལ་བྱེད་ཕྱོགས་ཐོག་གོ་བསྡུར་བྱེད་པའི་སྐབས་ལྔ་དང་ལྔ་བཅུའི་འཆར་སྣང་གི་ཆབ་སྲིད་ཀྱི་ཚོགས་འདུ་དང་། ལྔ་དང་ལྔ་བཅུའི་འཆར་སྣང་གི་གཞོན་སྐྱེས་ཀྱི་ཚོགས་འདུ།

ད་ཐེངས་ལྔ་དང་ལྔ་བཅུའི་འཆར་སྣང་གི་སྤྱི་ཚོགས་སྲ་བརྟན་གྱི་ཚོགས་འདུ་བཅས་ཚང་མ་ཕན་ཚུན་ལ་འབྲེལ་བ་ཆགས་ཀྱི་འདུག དེར་བརྟེན་ཚོགས་འདུ་དེ་རྣམས་ཚར་བའི་རྗེས་སུ་གནས་ཚུལ་ག་རེ་འདུག མི་མང་ལ་འགྲེམས་སྤེལ་བྱེད་དགོས་པ་དང་མི་དགོས་པ་རྣམས་ཚང་མ་ཕྱོགས་བསྒྲིགས་བྱས་རྗེས་འདི་ལོའི་ལོ་མཇུག་ནང་ཚུན་ལ་འགྲེམས་སྤེལ་བྱེད་ཐུབ་པ་ཡིན་ན་དགེ་མཚན་ཆེན་པོ་འདུག ད་ལྟ་ང་ཚོས་སྙན་ཐོ་ཟེར་ནའང་རེད། ཚོགས་འདུའི་ནང་དོན་དེ་དག་ད་ལྟ་མ་བཀྲམ་ནས་གནས་ཡོད་པ་རེད། དེ་འགྲེམས་སྤེལ་དགོས་དོན་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་གནང་དགོས་པ་དང་། དེ་བཞིན་མི་མང་ནས་གནང་དགོས་པ། རྒྱབ་སྐྱོར་གནང་མཁན་ནས་གནང་དགོས་པ་ཧ་ཅང་མང་པོ་འདུག དེར་བརྟེན་མི་མང་རང་ལ་ཕྱི་གསལ་ནང་གསལ་བྱས་རྗེས་གང་ཐུབ་འགྲེམས་སྤེལ་བྱེད་ཐུབ་པ་ཡིན་ན་ལྔ་དང་ལྔ་བཅུའི་འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། དེ་ང་ཚོའི་སྙན་ཐོ་ཟེར་ནའང་རེད། གང་ཡོད་བཞག་པ་དེ་འགྲེམས་སྤེལ་བྱེད་རྒྱུ་འབད་བརྩོན་ཞུ་བཞིན་ཡོད། ཅེས་ཞུ་རྒྱུ་ཡིན།

དེ་སྔ་ཚོགས་འདུ་མང་པོ་བསྐོང་ཚོགས་གནང་ཡོད། ཐེངས་འདིར་དམིགས་བསལ་ཞིག་གང་ཡོད་ཅེ་ན། ང་རང་ཚོར་རོགས་དངུལ་གནང་མཁན་ཚོགས་པ་ཁག་མང་པོ་ཞིག་འདིར་ཕེབས་ཡོད། དེའི་ནང་ནས་ཆེད་དུ་མངགས་ནས་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་རང་གི་སྐུ་ཚབ་ཡང་ཕེབས་ཡོད། ད་ཐེངས་མི་འདྲ་བ་གཅིག་དེ་ཆགས་ཡོད་རེད། ཁོ་རང་ཚོར་ཡིན་ན་རོགས་དངུལ་གནང་བ་གཅིག་པུ་མིན་པར་ད་ལན་ཕེབས་རོགས་གནང་། ཉིན་མ་གསུམ་གྱི་ཚོགས་འདུའི་ནང་ལ་རྣམ་པ་ཚོས་རོགས་དངུལ་ད་ལྟ་བར་དུ་གནང་སྟེ་གྲུབ་འབྲས་གང་སྨིན་ཡོད་རེད། ང་ཚོར་དཀའ་ངལ་གང་འཕྲད་ཀྱི་འདུག མ་འོངས་པར་ལས་འཆར་ག་རེ་གནང་དགོས་ཀྱི་འདུག དེར་རྣམ་པ་ཚོས་རྒྱབ་སྐྱོར་གནང་བ་གཅིག་པུ་ཙམ་མིན་པར་མཉམ་འདུས་ཀྱི་ཐོག་ཚོགས་ཁང་གཅིག་ནང་འཛོམས་ཏེ་བཀའ་བསྡུར་གནང་སྟེ་མ་འོངས་པར་འཆར་གཞི་གང་གནང་དགོས་འདུག་ཟེར་ནས་ཆེད་མངགས་གདན་འདྲེན་ཞུས་པ་ནང་བཞིན་ཁོང་རྣམ་པ་དེ་རིང་འདིར་ཕེབས་པ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ནམ་རྒྱུན་ང་ཚོས་རོགས་དངུལ་ཞུ་དུས་ལས་འཆར་འགའ་ཤས་ལ་གནང་གི་ཡོད་པ་རེད། ལས་འཆར་འགའ་ཤས་ལ་གནང་གི་མེད། ལས་འཆར་འགའ་ཤས་ང་ཚོས་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད་ཀྱང་རོགས་དངུལ་གནང་ཐུབ་ཀྱི་མེད། འགའ་ཤས་ང་ཚོས་དེ་ཙམ་གལ་ཆེན་པོ་མ་མཐོང་ནའང་རོགས་དངུལ་གནང་མཁན་གྱིས་རྒྱལ་སྤྱིའི་འགྲོ་སྟངས་ཀྱི་ཐོག་ནས། ཁོ་རང་ཚོའི་སྲིད་བྱུས་ཀྱི་ཐོག་ནས་དེ་དག་གལ་ཆེན་པོ་རེད་ཟེར་ནས་གནང་གི་ཡོད། ད་ལན་ཚོགས་ཁང་གཅིག་ནང་མཉམ་འཛོམས་ཀྱིས་བཀའ་བསྡུར་གནང་བ་ཡིན་ན་ང་ཚོས་གལ་ཆེན་པོ་བརྩི་དགོས་དོན་ཆ་ཚང་དང་། ཁོང་རྣམ་པས་གལ་ཆེན་པོ་བརྩི་དགོས་དོན་ཆ་ཚང་རྟོགས་པའི་ཐོག་ནས་ཕན་ཚུན་མོས་མཐུན་ཡོད་པ་དང་མཉམ་འབྲེལ་ཐོག་ནས་འཆར་གཞི་བརྟིང་སྟེ། ཕྱག་ལས་གནང་ཐུབ་པ་དང་ཡག་པོ་ཡོང་གི་འདུག་ཟེར་ནས་དེ་གལ་ཆེན་པོ་བརྩིས་པའི་ཐོག་ནས་ཆེད་མངགས་གདན་འདྲེན་ཞུས་པ་བཞིན་འདིར་ཕེབས་ཡོད་། ཁོང་རྣམ་པ་ཚང་མར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།