16
Tue, Apr

༢༠༡༨ལོའི་ཟླ་༩་ཚེས་༡༧་ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཀེའུ་ཚང་རིན་པོ་ཆེ་མཆོག་བཅས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་རྒྱག་གི་དབུ་འཛུགས་གནང་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་ ༩ ཚེས་ ༡༧ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་། སུད་སིར་རྟེན་གཞི་བྱས་པའི་ནོར་བཟང་ཐེབས་རྩ་ཚོགས་པས་དཔལ་འབྱོར་མཐུན་འགྱུར་རོགས་རམ་འོག བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་རྒྱག་གི་དབུ་འཛུགས་གནང་།

དེ་ཡང་སྔ་དྲོའི་ཆུ་ཚོད་ ༦ ཐོག་ཀེའུ་ཚང་རིན་པོ་ཆེ་མཆོག་གིས་དབུས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་ཁག་གཅིག་གིས་སྔོན་འགྲོའི་ཞབས་རིམ་ཁག་གྲུབ་མཚམས། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། བཀའ་ཤག་གི་དྲུང་འཕར་ངག་དབང་ཡོན་ཏན་ལགས། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས། བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་དང་ལས་བྱེད། སློབ་ཕྲུག་སོགས་ལྷན་འཛོམས་ཀྱིས་ཐོག མར་ཀེའུ་ཚང་རིན་པོ་ཆེ་མཆོག་གིས་དབུས་དགེ་འདུན་པ་ཁག་གཅིག་གིས་རབ་གནས་བྱིན་འབེབས་དང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་ཁང་གསར་རྒྱག་གི་རྨང་གཞི་བཏིངས་ཤིང་པང་རྡོ་ཞལ་ཕྱེ་གནང་།

དེ་ནས་ཀེའུ་ཚང་རིན་པོ་ཆེ་མཆོག་གིས་གསུང་དོན། དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཆོས་རིག་བཀའ་བློན། ཤེས་རིག་དྲུང་ཆེ་བཅས་འདིར་ཕེབས་པ་དང་། ང་རང་དང་རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་ལགས་འདིར་བཅར་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་སྐལ་པ་བཟང་པོ་བྱུང་། དེ་རིང་བོད་ཟླ་ ༨ ཚེས་ ༨ གཟའ་སྐར་འཕྲོད་སྦྱོར་ཧ་ཅང་ཡག་པོ་རེད་འདུག ཚོགས་ཁང་འདི་ཉིད་སྔོན་མ་ལས་བཟང་བ་ཆགས་ཀྱི་རེད། དེར་བརྟེན་གཞོན་སྐྱེས་ཚོས་ཧུར་ཐག་འབད་ཐག་གནང་རོགས། བོད་པའི་རིག་གཞུང་ཉམ་ཐག་པའི་སྒང་ཡོད་སྟབས། གཞོན་སྐྱེས་ཚོ་གཅིག་རྗེས་གཉིས་མཐུད་ཕྱིན་པ་ཡིད་སྐྱོ་བོ་ཆགས་འགྲོ་གི་རེད། ད་བར་ཧུར་ཐག་གནང་བ་རེད་ད་དུང་ཡིན་ནའང་མུ་མཐུན་གནང་བ་ཡིན་ན་ཡག་ཐོག་ཡག་བརྩེགས་རེད། གལ་ཏེ་ཚོགས་ཁང་ཡག་པོ་ཡོད་ནའང་མི་ལྔ་དྲུག་ལས་མེད་ན་ཧ་ཅང་སྐྱོ་བོ་ཆགས་ཀྱི་རེད། ཚང་མས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་བཞིན་སྒྲུབ་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་གྲུབ་མཚམས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། ཟློས་གར་ཚོགས་ཁང་གསར་རྒྱག་སླད་སུད་སིར་ཡོད་པའི་ནོར་བཟང་ཐེབས་རྩ་ཚོགས་པས་རོགས་དངུལ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེའི་ཐོག་ལ་བཀའ་ཤག་གིས་མཐུན་འགྱུར་སྦྱར་ཏེ་རྐུབ་བཀྱག་༦༠༠ ཡོད་པའི་ཚོགས་ཁང་ཞིག་རྒྱག་གི་ཡོད་རེད། དེ་རྒྱག་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ༡༩༦༠ ལོའི་ཟླ་༨པའི་ཚེས་༡༡ཉིན་ཟློས་གར་ཚོགས་པ་དབུ་བརྙེས་སྐབས། གཞས་སྣ་འཁྲབ་མཁན༡༠དང་༡༡ལས་མེད་པ་འདྲ། དེ་ནས་༸གོང་ས་མཆོག་ལ་མཇལ་ཁ་བཅར་བའི་སྐབས་སུ། ཁྱོད་ཚོ་མི་ཉུང་ཉུང་ལས་མེད་ནའང་། ས་བོན་བཏབས་ན་རིམ་པར་ཡར་རྒྱས་འགྲོ་ཡི་རེད་ཅེས་གསུངས་ཡོད་པ་དང་། ཁོང་གིས་ལམ་སྟོན་གནང་བ་གཞིར་བཟུང་ནས། ད་ལྟར་ཟློས་གར་ཚོགས་པའི་སྐུ་ལས་བསྐྱོན་མཁན་མང་པོ་ཞིག་གིས་སྐུ་ལས་བསྐྱོན་ཏེ་བོད་པའི་སྤྱི་ཚོགས་ནང་ལ་རིག་གཞུང་ངོམས་སུ་ཆོག་པ་དང་། གཞས་དང་གླུ་དབྱངས་ལ་ས་མཚམས་ཡོད་མ་རེད། མིའི་ཡིད་དབང་འཕྲོག་བཅུག་པ། ཐུན་མོང་མ་ཡིན་པའི་བོད་ཀྱི་གཞས་སྣ་འཁྲབ་སྟོན་དག་འཛམ་གླིང་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད་རེད། སྲོལ་རྒྱུན་འདི་སྤུ་དག་པོར་ཉར་ཐུབ་ཡོད། དེ་དག་ལ་བསམ་གཞིགས་བྱས་ན་ཚོགས་ཁང་གསར་པ་འདི་རྒྱག་དགོས་པ་ཞིག་རེད། ལོ་རྗེས་མར་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་༦༠འཁོར་ཡོང་གི་ཡོད་རེད། དེ་དུས་ཚོགས་ཁང་གསར་པ་དང་དེའི་ནང་དུ་འཕྲུལ་ཆས་སོགས་ཀྱི་མཐུན་རྐྱེན་གང་ཅིའི་ཐད་ནས་ཡག་པོ་ཡོད་ན། གཞས་འཁྲབ་མཁན་ལའང་དགའ་སྤྲོ་སྐྱེས་གྱི་རེད།

བཀའ་ཤག་གི་འགན་ནི་ཕྱིའི་མཐུན་རྐྱེན་སྐྲུན་རྒྱུ་དེ་རེད། ནང་གི་ཟུངས་དེ་གཞས་སྣ་འཁྲབ་མཁན་དང་དགེ་རྒན་གཙོས་པའི་གཞོན་སྐྱེས་མང་པོ་ཡོད་རེད། ཁྱེད་རྣམ་པས་ཚོགས་པ་འདིའི་འགན་ཁྱེར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཕྱི་རྫིག་པོ་ཞིག་ཡིན་ནའང་། ནང་ན་གལ་མེད་ན་ཁྱད་མཚར་རེད། དེ་འདྲ་བྱས་ན། གནས་སྟངས་ཏག་ཏག་མ་བདེ་བ་ཡོད་རེད། འོན་ཀྱང། ང་རང་གིས་དེ་འདྲ་ཡོང་གི་མ་རེད་བསམ་བཞིན་ཡོད། ཟློས་གར་ཚོགས་པའི་འགན་འཛིན་གཙོས་པའི་ལས་བྱེད་རྣམས་ཀྱིས་ཧུར་ཐག་འབད་ཐག་གནང་གི་ཡོད་རེད།

དེ་ཡང་དེ་རིང་དུས་ཚོད་ཡག་པོ་བོད་ཟླ་༨པའི་ཚེས་༨དང་ཆུ་ཚོད་༨པའི་ཐོག ཟློས་གར་ཚོགས་ཁང་གསར་རྒྱག་གི་དབུ་འཛུགས་གནང་བ་འདི་ནི། སྨན་རྩིས་ཁང་ནས་རྩིས་སྐོར་བ་ཡིན་རྒྱུ་རེད། འདི་ནི་བཟང་པོའི་ཉིན་མོ་དང་དུས་ཚོད་བཟང་པོ་ཞིག་ཡིན་ཙང་། ཟློས་གར་ཚོགས་པ་དང་གཞས་སྣ་འཁྲབ་མཁན་རྣམས་ལ་བཟང་པའི་ཐོག་ལ་བཟང་པོ་ཡོང་བར་ཤོག ཅེས་སྨོན་ལམ་བརྒྱབ་སོང་།