25
Thu, Apr

༢༠༡༨ལོའི་ཟླ་༩ཚེས་༡༣ཉིན་་ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་མཁས་པ་དང་ཁྱད་མཁས་མི་སྣ། སློབ་སྟོན་པ་སོགས་ལྷན་འཛོམས་སྐུ་པར།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ ཟླ་ ༩ ཚེས་ ༡༣ ནས་ ༡༦ བར་ཉིན་གྲངས་བཞིའི་རིང་། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ SARD གོ་སྒྲིག་འོག བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ལ་དམིགས་ནས། ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་དབུ་འཛུགས་གནང་།

དེ་ཡང་ཚེས་༡༣ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ པའི་ཐོག་རྡ་སྟེང་བོད་ཁྱིམ་ཉེ་འགྲམ་དུ་ཡོད་པའི་ Hotel Fortune Moksha ཞེས་པའི་གསོལ་མགྲོན་ཁང་དུ། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཨ་རི་ཐེབས་རྩའི་ཨེ་ཤི་ཡ་ཁུལ་གྱི་འཛིན་སྐྱོང་འགན་འཛིན་ལས་རོགས་ལྕམ་སྐུ་ཨན་མཱ་རི་ཡ་སི་ཏིས་ཧོཀ Ann Marie Yastishock མཆོག དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བཀའ་བློན་རྣམ་པ། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། མཁས་པ་དང་། ཁྱད་མཁས་མི་སྣ། སློབ་སྟོན་པ། རོགས་ཚོགས་ཀྱི་སྐུ་ཚབ། སྤྱི་ཚོགས་ཀྱི་འཐུས་མི། བོད་ཀྱི་གྲོགས་པོ་གྲོགས་མོ་སོགས་ཁྱོན་ཚོགས་བཅར་བ་མི་གྲངས་ ༢༠༠ ལྷག་ཙམ་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་།

དེ་ནས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་དགའ་བསུའི་གསུང་བཤད་གནང་གྲུབ་མཚམས་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་བརྙན་ཐུང་ཞིག་གཟིགས་འབུལ་ཞུས། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་ལ་དམིགས་ནས་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཀྱི་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སུ། ཨ་རི་ཐེབས་རྩའི་ཨེ་ཤི་ཡ་ཁུལ་གྱི་འཛིན་སྐྱོང་འགན་འཛིན་ལས་རོགས་ལྕམ་སྐུ་ཨན་མཱ་རི་ཡ་སི་ཏིས་ཧོཀ་མཆོག་གིས་ཨ་རི་གཞུང་གི་རོགས་སྐྱོར་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་སྐོར་གསུང་བཤད་གནང་གྲུབ་བསྟུན།

དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ཚོགས་འདུའི་མཛད་རིམ་སྤྱི་ཡོངས་གནས་བབ་ཐོག་འགྲེལ་བརྗོད་གནང་བ་དང་། དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་བོད་མིའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས་སྐོར་དང་། བརྗོད་གཞི་གཉིས་པའི་ཚོགས་འདུའི་གཙོ་སྐྱོང་ཀརྨ་ཆུང་བདག་ལགས་ཀྱིས་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་སྐོར། བརྗོད་གཞི་གསུམ་པའི་ཚོགས་འདུའི་གཙོ་སྐྱོང་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས་ཀྱི་སྐོར། དེ་བཞིན་བརྗོད་གཞི་བཞི་པའི་ཚོགས་འདུའི་གཙོ་སྐྱོང་སྐུ་ཞབས་ Richard Weingarten ལགས་ཀྱིས་བོད་མིའི་སྤྱི་ཚོགས་ཀྱི་འཚོ་རྟེན་ཡར་རྒྱས་གཏོང་ཐབས་བཅས་ཀྱི་སྐོར་ངོ་སྤྲོད་གནང་།

ཐེངས་འདིའི་ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ཇི་ལྟར་དགོས་པའི་གནད་དོན་ཐོག་མཁས་པ་དང་ཁྱད་མཁས་མི་སྣ། སློབ་སྟོན་པ་སོགས་ལྷན་འཛོམས་ཐོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། བོད་ཀྱི་འགྲེམས་སྟོན་ཁང་གི་ལས་དོན་ཚགས་ཚུད་སྤེལ་ཕྱོགས། བོད་ཀྱི་སྒྱུ་རྩལ་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་གནད་དོན་ཐོག་གོ་བསྡུར་གནང་རྒྱུ་དང་། དཔལ་འབྱོར་འཛུགས་སྐྲུན་ལས་གཞི་གོང་སྤེལ་བརྒྱུད་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཇི་ལྟར་གཏོང་རྒྱུའི་ཐད་གོ་བསྡུར་གནང་སྐབས་བརྗོད་གཞི་གཙོ་བོ་སྐྱབས་བཅོལ་བའི་གནས་སྟངས་དང་། གཞོན་སྐྱེས་དང་འབྲེལ་བའི་གནད་དོན་ཁག སོ་ནམ་འདེབས་ལས། དཔལ་འབྱོར་ཞབས་ཞུ། སྒེར་གྱི་ཁེ་གཉེར་ཚོང་ལས་སྤེལ་མཁན། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་སྡོད་བྱེད་བཞིན་པའི་བོད་མིའི་ལས་འགན་སོགས་ཀྱི་སྐོར་གོ་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་འདུག