14
Fri, Dec
21 New Articles

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཕེབས་པའི་སྐུ་མགྲོན་དང་ཚོགས་བཅར་རྣམ་པ།

བཙན་བྱོལ་གྱི་གསར་འགྱུར།
Typography

སྲིད་སྐྱོང་མཆོག་གིས་རྒྱུན་དུ་མཁས་པའི་ཚོགས་འདུ་སྐབས་བཙན་བྱོལ་ནས་བོད་པ་མང་ཙམ་འགྲོ་དགོས་པ་དང་ཚོགས་འདུ་དེ་འདྲ་ནང་འཛུལ་ཞུགས་བྱེད་དགོས་པར་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང་།

དེ་ཡང་༢༠༡༨ལོའི་ཟླ་༨ཚེས་༢༡ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་ཉིན་གྲངས་བཞིའི་རིང་བཞུགས་སྒར་རྡ་སའི་ཉེ་འགྲམ་དུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ་དབུ་འཛུགས་གནང་ཡོད་དང་།དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང། དམིགས་བསལ་སྐུ་མགྲོན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས་བཅས་གཙོས་པའི་མི་གྲངས་༦༥ཕེབས་འདུག

སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། སྔོན་མ་ཞིག་ལ་ང་རང་ཨ་རིའི་ཨིན་ཊེ་ཡ་ན་སློབ་ཆེན་ (Indiana University) དུ་བོད་ཀྱི་མཁས་པའི་བགྲོ་གླེང་ནང་ཞིག་ཏུ་ཞུགས་པ་ཡིན། ཚོགས་འདུའི་ནང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་འགའ་འདུག་ལ། ཁོ་ཚོས་ང་བོད་གཞུང་གི་སོ་བ་རེད་ལབ་སོང་། སྐབས་དེར་ཚོགས་ཞུགས་པ་བོད་མི་ཉུང་ཤས་ཤིག་ལས་མི་འདུག དེ་ནས་བོད་ནང་གི་བོད་མི་འགའ་བསླེབས་ཡོད་པ་ཚོར་ཁ་བརྡ་བྱས་རྗེས། བོད་ནང་གི་བོད་མི་ཚོར་དམ་དྲག་ག་ཚད་ཡོད་མེད་ཚོར་བྱུང་། ཁོང་ཚོ་དང་མཉམ་དུ་ཁ་བརྡ་བྱེད་དུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱ་མི་དེ་ཚོས་ང་དང་བོད་ནས་ཡོང་མི་ཚོའི་དཀྱིལ་ལ་མགོ་འཛུལ་ནས་ཉན་ཏེ་སྡོད་ཀྱི་འདུག སྐབས་དེར་ང་ཧོན་འཐོར་བྱུང་། ཁོང་སུ་རེད་ཅེས་དྲིས་པ་ན།རྒྱ་མི་ལས་བྱེད་པ་ཞིག་རེད་བརྗོད་སོང་། ངས་རྒྱ་མི་ཞིག་གིས་དངོས་སུ་མཐོང་ཆུང་བྱས་སོང་བསམ་བྱུང་། དེར་བརྟེན་མཁས་པའི་ཚོགས་འདུ་སྐབས་བཙན་བྱོལ་ནས་མང་ཙམ་འགྲོ་དགོས་ཀྱི་འདུག སྲིད་སྐྱོང་མཆོག་གིས་མུ་མཐུད་ནས་གསུང་དོན། དེ་མིན་ང་ཚོར་བཙན་བྱོལ་བ་སྤར་བ་གང་ལས་མེད་མཁན་དེ་ལའང་རྒྱ་གཞུང་གིས་སོ་བ་རེད་ལབ་ནས་མིང་ཆད་བཟོ་བཞིན་ཡོད་པ་དེ་ཕྱོགས་གཅིག་ནས་སྒེར་གྱི་ན་ཚ་རེད་ལ། ཕྱོགས་གཞན་ནས་དེར་འགྲོ་རྒྱུ་ཧ་ཅང་གལ་ཆེན་རེད། ཅེས་དང་། ད་དུང་། ཚོགས་ཐོག་ཏུ་ཕྱི་རྒྱལ་བ་ཚོས་བཀའ་བསྟན་དང་རྒྱལ་རབས་སོགས་བྱང་ཆུབ་པ་ཤེས་པར་ཧ་ལས་བྱུང་བས། དང་པོ་ནས་ན་ཚ་དེ་ཡོད་པའི་རྐྱེན་གྱིས་ཁོང་གིས་ཧ་ཝར་ཊི་གཙུག་ལག་སློབ་ཆེན་དུ་ལོ་༧ ཙམ་ལ་སློབ་གཉེར་གནང་སྟེ་འབུམ་རམས་པའི་ལག་འཁྱེར་བླངས་སྐོར་དང་། ཉམས་ཞིབ་པ་ཞིག་བྱེད་པར་སྐད་གཉིས་ངེས་པར་དུ་ཤེས་དགོས་སྐོར་སོགས་གསུངས་སོང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ན་གཞོན་ཉམས་ཞིབ་པ་རྣམས་ལ་གོ་སྐབས་གསར་སྐྲུན་སླད་ཚོགས་འདུ་འདི་ཉིད་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས། དམིགས་བསལ་སྐུ་མགྲོན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་།

ཉིན་གྲངས་བཞིའི་རིང་གི་ཚོགས་འདུ་ནང་ན་གཞོན་ཉམས་ཞིབ་སློབ་མ་གཙོ་བོར་གྱུར་བའི་ཁྱོན་བསྡོམས་བོད་པ་ཉམས་ཞིབ་པ་མི་གྲངས་༦༠མཉམ་ཞུགས་གནང་ཡོད་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་༧དང་། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་གི་བོད་པ་ཉམས་ཞིབ་སློབ་མ་༢༥ བཅས་ནས་བོད་ནང་གི་སྤྱི་ཚོགས་དང་། དཔལ་འབྱོར། ཆོས་དང་རིག་གཞུང་། ཁོར་ཡུག ཤེས་ཡོན་བཅས་ཀྱི་གནས་སྟངས་སྐོར་དང་། བཙན་བྱོལ་བོད་མིའི་གནས་སྟངས། བོད་ཀྱི་རྒྱལ་རབས་ལོ་རྒྱུས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་སྲིད་བྱུས། ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ནང་བོད་ཀྱི་གནད་དོན། བོད་ནང་རྒྱ་ནག་གཞུང་གི་དོགས་ཞིབ་ཀྱི་ལམ་ལུགས་སོགས་བརྗོད་གཞི་འདྲ་མིན་སྟེང་རང་རང་སོ་སོའི་ཉམས་ཞིབ་བརྗོད་གཞི་ཁག་ངོ་སྤྲོད་དང་ཕན་ཚུན་གོ་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་འདུག

ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་འདི་ཉིད་ཕྱི་ལོ་༢༠༡༥ ལོར་ཐེངས་དང་པོར་སྐོང་ཚོགས་གནང་སྟེ་ད་རེས་ཚོགས་ཐེངས་བཞི་པ་ཆགས་ཀྱི་ཡོད་པ་དང་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། བོད་མི་ཉམས་ཞིབ་པ་རྣམས་སྡིངས་ཆ་གཅིག་གི་ཐོག་མཉམ་འཛོམས་ཐུབ་རྒྱུའི་གོ་སྐབས་སྐྲུན་ཐབས་དང་། ལྷག་པར་བོད་ཀྱི་གནད་དོན་སྐོར་ཕན་ཚུན་གོ་བསྡུར་སྦྱོང་བཤད་དང་ཉམས་ཞིབ་གནང་ཐབས་ཆེད་ཡིན་འདུག

 

གསལ་བསྒྲགས་ཀྱི་ས་མིག